མདོ་སྨད་ཐེ་བོ་སྨད་ལྷ་གཟིགས་འགག་ཤིང་ཏོག་སྡེ་པར་མེ་སྐྱོན་བྱུང་བ།

གངས་ལྗོངས་མདོ་སྨད་ཐེ་བོ་སྨད་ལྷ་གཟིགས་འགག་ཤིང་ཏོག་སྡེ་བ་ལ་ཁྱིམ་ཚང་བརྒྱ་དང་སོ་དྲུག་དང་བཤད་ཚུལ་གཞན་ཞིག་ལ་ཁྱིམ་ཚང་བརྒྱ་དང་དྲུག་ཡོད་ཚུལ་གོ་ཐོས་བྱུང་། གང་ལྟར་ཕྱི་ལོ་ ༢༠༡༣ ཟླ་བ་ ༢ ཚེས་ ༦ དགོང་མོའི་ཆུ་ཚོད་བརྒྱད་པའི་གཡས་གཡོན་ཞིག་ལ་མེ་ཤོར་ནས་ཁྱིམ་ཚང་གོ་གཉིས་ལ་མེ་སྐྱོན་བྱུང་ནས་མི་མང་ལ་གནོད་སྐྱོན་ཚབ་ཆེན་རིགས་གང་ཡང་ཐེབས་མེད་མོད། འོན་ཀྱང་སྒོར་ཕྱུགས་རྟ་འགའ་དང་ཕག་མང་པོ་ཞིག་ལ་མེ་ནང་ཚིག་འདུག

ཐེ་བོ་སྨད་གསེར་ཐང་དགོན་པའི་གྲྭ་པ་ཚོས་དང ་བླངས་ངང་ནས་རོགས་དངུལ་ཞལ་འདེབས་དང་ལས་ཀ་སོགས་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད་འདུག གཞན་ཐེ་སྨད་གཙང་པ་དམག་རུ་དང་ཉེ་འགྲམ་གྱི་བོད་རིགས་ཚོས་དངུལ་དང་། འབྲུ་རིགས། ཤ་དམར་རྩམ་པ་སོགས་ཀྱིས་རོགས་སྐྱོར་བྱེད་པ་དང་། དང་བླངས་ལས་ཀར་འགྲོ་མྱི་མང་པོ་ཡོད་པའི་གནས་ཚུལ་འདུག

Advertisements
Posted in Uncategorized | མཆན་འདེབས།

ཐེ་བོ་སྨད་རྒྱུད་དུ་རྒྱ་དམར་ལ་ངོ་རྒོལ་རིམ་བྱུང་སྐོར།

ཐེ་བོ་སྨད་རྒྱུད་དུ་རྒྱ་དམར་ལ་ངོ་རྒོལ་རིམ་བྱུང་སྐོར།

ཕྱི་ལོ་ ༡༩༥༨ ལོར།

        རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་མདོ་སྟོད་སྨད་ཡོངས་ལ་མངོན་སུམ་འཛེམས་མེད་ཀྱིས་བཙན་འཛུལ་བྱས་སྐབས་རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་གྱུར་པའི་མདོ་སྨད་ཐེ་བོ་སྨད་ཕྱོགས་ནས་ཕྱི་ལོ་ ༡༩༥༨ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢ ཉིན་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་སྐབས་ཐེ་བོ་སྨད་མ་འ་ཞ་དམག་རུ་དང༌། རྡོ་ར་ཁོག་དམག་རུ། སྟག་ཤར་དམག་རུ། ཨན་ཛི་དམག་རུ། ཁ་པ་ཀླུ་ཕྱུག་དམག་རུ༌། ཉིན་ངོ་བར་གཙང་དམག་རུ། རྒྱ་ནེ་དམག་རུ། ཆས་རེས། རོང་དྭགས། གཙང་པ་དམག་རུ་སོགས་ནས་ཡོང་བའི་ངོ་རྒོལ་པ་སྟོང་ཕྲག་མང་པོས་ཐེ་བོ་སྨད་རྒྱུད་གཙང་པ་དམག་རུ་དང་ལ་རྩ་གཉིས་ཀྱི་བར་གནས་ཚ་ལུང་ཁ་ར་ཞེས་པའི་ལུང་ཁོག་དོག་ཅིང་ས་ཡང་བཙན་ས་དེར་རྒྱ་དམག་ལ་ངོ་རྒོལ་འཐབ་འཁྲུག་ཤུགས་ཆེན་བྱས་པའི་སྐབས་སུ་བོད་མི་གཅིག་སྟོང་ལྷག་གཡུལ་ས་དེ་རང་ལ་ཚེ་སྲོག་ཤོར། ཁོང་ཚོས་རྒྱ་དམག་ལ་ངོ་རྒོལ་འཐབ་འཁྲུག་རྒྱག་དགོས་པའི་རྒྱུ་མཚན་རྒྱ་མིས་བོད་ལ་དབང་བསྒྱུར་བྱེད་པར་འགོག་རྒོལ་ཆེད་དུ་ཡིན་པ་སྐབས་དེར་དམག་འཁྲུག་ཁྲོད་ནས་ཐར་ཙམ་བྱུང་བ་འགས་བཤད།

ཐེ་བོ་གཙང་པ་དམག་རུའི་སྐོར།

        ལོ་དེའི་དགུན་ཐོག་གཙང་པ་དམག་རུས་རྒྱ་དམག་ལ་ཡང་སྐྱར་ངོ་རྒོལ་དམག་འཁྲུག་བྱ་ཕྱིར་ཨ་མྱེས་ཆེས་དཀར་དང༌། ཨ་མྱེས་སྨོན་ལམ་དཀར་པོ་གཉིས་ཀྱི་རི་འདབས་སུ་བྲག་རྫོང་དང་ནགས་ཀླུང་སྟུག་པོས་ཁེངས་པའི་ཡོར་བུ་ཞེས་པའི་ནགས་གསེང་དང༌། བྲག་གསེང་དུ་ཡིབ་ནས་དགྲ་འཐབ་ཀྱི་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་གསང་བ་དགྲ་ཤོར་གྱིས་རྒྱ་དམག་རྣམས་གསང་ལམ་བརྒྱུད་དེ་གློ་བུར་དུ་ས་ཕྱོགས་གང་ས་ནས་རྒྱ་དམག་གིས་མེ་མདའ་བརྒྱབས་ནས་ཉིན་དེར་གཙང་པ་དམག་རུའི་མི་བཅུ་ཕྲག་ཁ་ཤས་དམར་གསོད་བཏང༌། སྐབས་དེར་རྒྱ་དམག་གི་གསང་ཉུལ་པ་བྱས་ཏེ་ལམ་སྣེ་ཁྲིད་མཁན་དེ་བོད་མི་ཚོས་རྗེས་སུ་དམར་གསོད་བཏང༌།

        ཤིང་ར་སྡེ་བ། ཤིང་ར་སྡེ་པའི་བསྟན་སྐྱོང་གི་ཕ་ཧ་བྷ་དམར་གསོད་བཏང༌། སྐལ་སྟོང་རྒྱལ་ལས་དང༌། སངས་རྒྱས་གཉིས་གསེར་སྒོ་ཅན་མཁར་གྱི་བཙོན་ཁང་དུ་གྲོངས། ཤིང་ར་སྡེ་བའི་སངས་རྒྱས་ཚེ་རིང་ལོ་ངོ་མང་བོ་རིང་ཡོས་མོ་ཞན་གྱི་བཙོན་ཁང་དུ་རྡོ་གསོལ་སྔོག་འདོན་སོགས་ངལ་རྩོལ་འདྲ་མིན་ལ་བཙན་བསྐུལ་བྱས་ཏེ་རྗེས་སུ་ཕྱིར་ལོག་ཐུབ་ཙམ་བྱུང༌། སྐབས་དེར་བཙོན་ཁང་ནང་ཉིན་མོ་རྡོ་གསོལ་སྔོག་འདོན་གཙོ་བོར་གྱུར་བའི་ངལ་རྩོལ་འདྲ་མིན་ལ་བཙན་བསྐུལ་དང་བཀྲེས་སྐོམ་སོགས་སྡུག་བསྔལ་གྱིས་མནར་གཅོད་ཚད་མེད་བཏང་ནས་མཚན་མོ་མི་མང་པོ་མཉམ་གཅིག་ཏུ་ཁང་བའི་ནང་དུ་བཙན་གྱིས་འཚང་དུ་བཅུག་ནས་ཉལ་སྐབས་ཕྱི་ཉིན་ཡར་ལངས་དུས་མི་མང་པོ་ཤི་འདུག་ཀྱང་བསམ་ཤེས་གང་ཡང་མི་བཏང་བར་ལམ་སང་ས་དོང་བརྐོས་ནས་ས་འོག་ཏུ་སྦས་ཙམ་བྱེད། རྡོ་གསོལ་སྔོག་སྐབས་རི་རྡིབ་ཏེ་བསད་པའི་རོ་རྣམས་ཕར་ཉར་ཙམ་བྱས་ནས་ལམ་སང་རྗེས་མ་རྣམས་ཀྱིས་ཐེ་ཚོམ་མེད་པར་རྡོ་གསོལ་སྔོག་འདོན་གྱི་འཕྲོ་སྔོག་དགོས་པ་སོགས་མིའི་ཚེ་སྲོག་ལ་རིན་ཐང་གང་ཡང་སྤྲད་མེད།

        འོག་ཤོད་སྡེ་བ། འོག་ཤོད་སྡེ་བའི་རྫ་བྷ་དང༌། རླུང་རྟ་སྐྱོང་གཉིས་དམར་གསོད་བཏང༌། འོག་ཤོད་སྡེ་བའི་འབྲོག་རྒན་དང༌། དཔའ་རོས། འབྲུག་ལྷ་ཚེ་རིང་སོགས་བཙོན་ཁང་དུ་མནར་གཅོད་འདྲ་མིན་གྱི་འོག་ནས་འདས་གྲོངས་སུ་གྱུར། འོག་ཤོད་སྡེ་བའི་ཨ་མྱེས་དཔའ་བོ་སོགས་མུ་གེ་དབང་གིས་གྲོངས།

        བོད་གཙང་སྡེ་བ། བོད་གཙང་སྡེ་བའི་བསྟན་སྐྱོང་དང༌། སྙན་གྲགས། ཆོས་རྒྱལ་སོགས་དམར་གསོད་བཏང༌། གཞན་བོད་གཙང་སྡེ་བའི་མགོན་པོ་བཙོན་ཁང་དུ་འདས་གྲོངས་སུ་གྱུར། བོད་གཙང་སྡེ་བའི་བློ་བཟང་བསམ་གཏན་བཙོན་ཁང་ནང་ལོ་མང་མནར་གཅོད་མྱངས་མཐར་ཕྱིར་རང་ཁྱིམ་དུ་ལོག་ཐུབ་ཙམ་བྱུང༌།

        བྱ་བཟང་སྡེ་བ། བྱ་བཟང་སྡེ་བའི་རྒྱ་དམག་ལ་ངོ་རྒལ་གཙོ་བོ་བྱེད་མཁན་ལྕགས་ཀྱུ་དང༌། སྐར་སྲུང༌། སྐར་སྲུང་གི་སྲུང་མོ་པདྨ་མཚོ་བཅས་ཉིན་དེར་ཁོང་གསུམ་པོ་མཉམ་དུ་བྱ་བཟང་སྡེ་བའི་ལྟག་རྒྱབ་སྤངས་ཐང་དུ་སྟེང་ལེབ་སྡེ་རྒྱབ་ཏུ་ནགས་གསེང་སྟུག་པོ་ཞིག་ཡོད་པ་དེར་རྒྱ་དམག་གཡུབ་འདུག་པ་རྣམས་ཀྱིས་མེ་མདའ་བརྒྱབས་ནས་དམར་གསོད་བཏང༌། བྱ་བཟང་སྡེ་པའི་སངས་རྒྱས་དང༌།  བཟུངས་བསྡུས། སངས་རྒྱས་གསུམ་རྒྱ་དམག་གི་གསོན་བཟུང་བྱས་ནས་མི་མང་གི་དཀྱིལ་དུ་ཁྲིད་དེ་ཁྱེད་ཚོས་མགོ་བཏགས་ན་ཉེས་པ་ཡང་དུ་བཏང་རྒྱུ་དང་གལ་སྲིད་མགོ་མ་བཏགས་ན་དམར་གསོད་གཏོང་རྒྱུ་སོགས་བཤད་ཀྱང་ཁོང་ཚོས་མགོ་མ་བཏགས་པའི་དབང་གིས་མི་མང་གི་དཀྱིལ་དེར་རང་དམར་གསོད་བྱས། གཞན་བྱ་བཟང་སྡེ་བའི་དཔལ་སྐྱོང་དང༌། སྙིང་ཚེ་རིང༌། དཔའ་རོའུ།  དཔའ་རོའུ། དཔའ་མགོན་ཚེ་རིང༌། དཔའ་སྐྱོང༌། སྒྲོལ་མ་ཚེ་རིང༌། རབ་བརྟན། དཔའ་རོའུ། དེའི་སྲུང་མོ་རྣམ་སྐྱིད།  རྣམ་རྒྱལ། རྣོ་པོ་མཚོ་བཅས་བཙོན་ཁང་ནང་དུ་མནར་གཅོད་འདྲ་མིན་གྱི་འོག་ཏུ་འདས་གྲོངས་སུ་གྱུར།  ཕྱི་ལོ་ ༡༩༥༨ ལོར་རྒྱ་དམར་གཞུང་གིས་མི་མང་གི་ཞིང་ས་དང་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་ནས་མི་མང་ལ་བཟའ་རྒྱུ་ཅུང་ཙམ་ལས་མེད་པའི་དབང་གིས་བྱ་བཟང་སྡེ་བའི་ཨ་མ་དཔའ་མཁོ་དང༌། ལྕགས་ལོ། སངས་རྒྱས། རྡོ་རམ། ཀླུ་འབུམ། ལྕགས་ལས། ཙན་དན། ཡུམ་མདོ། བློ་བཟང༌། བཀྲ་ཤིས་དོན་འགྲུབ། རྟ་དཀར་སྐྱོང༌། ཨ་ཝ་ལེ། ཨ་མ་ལུ་རུ་མཚོ། དཔའ་ཚེ་རིང༌།  བཀྲ་ཤིས་མཚོ་བཅས་མུ་གེ་དབང་གིས་འདས་གྲོངས་སུ་གྱར། ཕྱི་ལོ་ ༡༩༥༨ ལོའི་ཟླ་བ་ ༡༢ བའི་ནང་བྱ་བཟང་སྡེ་བའི་འབྲུག་བཀྲ་ཤིས་ཁོང་རྒྱ་མའི་སྡུག་རྩུབ་མནར་གཅོད་མ་གཟོད་པར་ནགས་གསེང་ཞིག་དུ་རང་སྲོག་བཅད།  དུས་སྐབས་དེ་དག་ཏུ་རྒྱ་དམག་གིས་བོད་མི་བཙན་གྱིས་གསོན་བཟུང་བྱས་པ་རྣམས་རྒྱ་མིའི་རླངས་འཁོར་ནང་བཙན་ཁྲིད་བྱས་དུས་ལམ་བར་ནས་རླངས་འཁོར་ཐོག་ནས་འབྲུག་དཀར་གཙང་པོའི་ནང་མཆོངས་ཏེ་རང་ཤི་བརྒྱབ་པ་སོགས་མདོར་ན་དགྲ་བོའི་གདུག་རྩུབ་མ་བཟོད་པའི་དབང་གིས་རང་ཤི་བརྒྱབས་པ་མང་པོ་བྱུང༌།  ཤུལ་ལུས་རྣམས་དེང་སང་འབྲུག་ཆུ་རྫོང་ཁོངས

་གསེར་སྒོ་ཅན་མཁར་ཞེས་པའི་ས་གནས་བཙོན་ཁང་དང་གཞན་རྒྱ་སྐད་དུ་ཡོས་མོ་ཞན་ཞེས་པ་གཉིས་ཀྱི་ངལ་རྩོལ་ར་བའི་ནང་དུ་བཅུག་སྟེ་ངལ་རྩོལ་འདྲ་མིན་ལ་བསྐུལ་ནས་མནར་གཅོད་དང་མུ་གེའི་འོག་སྡུག་བསྔལ་ཚད་ལས་བརྒལ་བ་སོགས་ཀྱིས་ཤིང་ར་སྡེ་བའི་བསྐལ་སྟོང་བརྒྱ་ལས་གཙོ་བོར་གྱུར་པའི་བོད་མི་གཅིག་སྟོང་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང༌། གཙང་པ་དམག་རུའི་མི་མང་པོ་ཞིག་བཙོན་ཁང་ནང་ངལ་རྩོལ་འདྲ་མིན་དང་མུ་གེ་མནར་གཅོད་སོགས་ཀྱིས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་ལོ་མང་མྱངས་ཏེ་མཐར་ཤིང་ར་སྡེ་བའི་སངས་རྒྱས་ཚེ་རིང་དང༌། བོད་གཙང་སྡེ་བའི་བློ་བཟང་བསམ་གཏན་ལྟ་བུ་མི་ཁ་ཤས་ཙམ་རང་ཡུལ་དུ་ལོག་ཐུབ་ཙམ་བྱུང་ཡོད་པ་མ་གཏོགས། གཞན་ཚང་མ་བཙོན་ལས་འདྲ་མིན་གྱི་འོག་ཏུ་དུས་མིན་རྐྱེན་འདས་སུ་བཏང་བའི་བཙོན་པ་དེ་དག་གི་ཁྲོད་དུ་གསེར་ཐང་དགོན་པའི་གྲྭ་བ་ཉེས་མེད་བཙན་འཁྲིད་བྱས་པ་གྲྭ་པ་བཅུ་ཡོད་འདུག

ཐེ་བོ་གསེར་ཐང་དགོན་པའི་སྐོར།

        ཐེ་བོ་གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ནི། རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༠༧ ལོར་གཙང་པ་དམག་རུའི་གསེར་ཐང་ཞེས་པའི་སར་ཨ་ལགས་གསེར་ཐང་ཚང་སྐུ་ཕྲེང་དང་པོ་ཨ་མྱེས་ཐུབ་བསྟན་གྲགས་པས་ཕྱག་བཏབ། དེ་ནས་གསེར་ཐང་ཚང་སྐུ་ཕྲེང་རིམ་བྱོན་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང༌། ཕྱི་ལོ་ ༡༩༥༨ ལོར་བོད་ཀྱི་དགོན་ཁག་གཞན་དག་དང་འདྲ་བར་གསེར་ཐང་དགོན་པའི་འདུ་ཁང་ཆེན་མོ་དང༌། བྱམས་ཁང༌། སྨན་ལྷའི་ཁང་སོགས་གསེར་ཐང་དགོན་པའི་ལོ་རྒྱུས་ནང་གསབ་ཐབས་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་གཏོར་བཅོམ་བྱས༌། རྗེས་སུ་སྲིད་བྱུས་ཅུང་གུ་ཡངས་བྱུང་ནས་ཆོས་སྒོ་ཕྱེ་དུས་དགོན་པའི་ཕྱོགས་ཡོངས་ཆག་འཇིག་གིས་མཁར་ཤུལ་ཙམ་དང་དགོན་པའི་གྲྭ་པ་ཡང་གསུམ་ཙམ་ལས་ལྷག་མེད་པའི་གནས་སྟངས་ཧ་ཅང་ཉག་ཕྲ་བའི་སྐབས་དེར། ཨ་ལགས་གསེར་ཐང་ཚང་གི་བཀའ་དྲིན་དང་གཙང་པ་དམག་རུའི་དད་ལྡན་མང་ཚོགས་ཀྱི་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་དགོན་པའི་འདུ་ཁང་སོགས་སླར་གསོ་བྱས་པ་མ་གཏོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རོགས་སྐྱོར་གང་ཡང་བྱས་མེད། དགོན་པའི་བྱམས་ཁང་ཕྱི་ལོ་ ༢༠༠༩ ལོར་བར་མ་གཏོགས་སླར་གསོ་གཏོང་ཐུབ་མེད། དེང་སང་གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་འདིར་དགེ་འདུན་པ་ཞལ་གྲངས་བརྒྱ་མ་ཟིན་ཙམ་ཡོད།

འབྲུག་ཆུ་ཆུ་ནག་ལུང་དགོན་གྱི་སྐོར།

        གཞན་ཆུ་ནག་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་སྐུ་གསུང་ཐུགས་རྟེན་གལ་འགང་ཅན་སྣ་ཚོགས་ཞུགས་གནས་ཀྱི་འདུ་ཁང་དང༌། གཟིམ་ཆུང༌། གྲྭ་ཤག་དང་བཅས་པ་རྩ་གཏོར་བྱས་ཏེ་ཤུལ་དུ་མཁར་གྱང་གི་ཤུལ་ཙམ་མཇལ་བའི་ཡུལ་དུ་གྱུར། ཆ་ནག་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ནི། ད་ལྟའི་འབྲུག་ཆུ་རྫོང་ཁོངས་ཆུ་ནག་ལུང་བ་ཞེས་བོད་གངས་ཅན་གྱི་ཤར་མཐའི་རྒྱ་བོད་ས་མཚམས་ལ་ཁེལ་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།  དགོན་འདི་ཕྱག་འདེབས་པ་པོ་ཆུ་ནག་ལུང་བའི་སྐུ་ཕྲེངདང་པོ་ཡུལ་དབུས་ཀྱི་དགའ་ལྡན་དགོན་པའི་དགེ་བཤེས་ཤིག་ཡིན་ཞིང༌།  ཁོང་མདོ་སྨད་ཐེ་བོ་ཁོག་ཏུ་ཕེབས་ནས་ཆུ་ནག་ལུང་བ་ཞེས་པའི་སར་ཆུ་ནག་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་འདི་ཕྱག་བཏབ། དེ་ནས་ཆུ་ནག་ལུང་བའི་སྐུ་ཕྲེང་དྲུག་རིམ་པར་བྱོན་པ་རྣམས་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང༌།   ཆུ་ནག་ལུང་བའི་དགོན་པ་འདི་ཉིད་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་གི་སྐུ་དུས་ནས་ཡོད་པའི་དགོན་པ་རྙིང་པ་ཞིག་ཡིན་ལ། སྐྱབས་མཆོག་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་དགོན་པ་འདི་ལ་ཕེབས་པའི་ལོ་རྒྱུས་ཡོད། ཁོག་ཆེན་གྱི་ཆས་རིའི་སྒང་སོགས་བརྒྱུད་ནས་ཡར་མར་ཕེབས་གནང་གི་ཡོད་སྟབས་ཆས་རིའི་སྒང་ན་བསྟན་པའི་རྒྱལ་མཚན་ཚང་ལ་དད་ལྡན་གྱི་སྦྱིན་བདག་མང་པོ་ཡོད་པ་མ་ཟད། བསྟན་པའི་རྒྱལ་མཚན་ཚང་བསེ་རོང་དུ་ཐེངས་མ་གསུམ་ཕེབས་པའིབཤད་རྒྱུན་འདུག། ཆས་རིའི་སྒང་དང་གཙང་པ་ཁོག་གི་ཚེས་བཅུ་བསྟན་པའི་རྒྱལ་མཚན་ཚང་གིས་གསར་ཚུགས་བྱས་པའི་སྲོལ་ཡོད། གཙང་པ་དམག་རུའི་ཡུལ་ལྷ་སྨོན་ལམ་དཀར་པོའི་བསང་ཡིག་ཆས་རིའི་ལ་ཨ་སྒང་ནས་ཐད་ཀར་གསུངས་པར་གྲགས། ཆུ་ནག་ལུང་དགོན་གྱི་གདན་སའི་ཆག་ས་ཡང་ཐེངས་མ་འགའ་ཤས་ལ་བརྗེས་དགོས་བྱུང་བའི་ལོ་རྒྱུས་ཡོད། དུས་སྐབས་ཤིག་ལ་ས་ཆ་འདི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོར་ཆག་སྟབས་ཀིརྟིའི་ནང་པས་ཨ་ལགས་མཐའ་ཡས་ཚང་ལྷ་ཁང་བསྐྱར་བཞེངས་སོགས་ཀྱི་འགན་ཆ་ཚང་བཀལ་ནས་ཆེད་མངགས་བྱས་པ་མ་ཟད་དངུལ་གྱི་འགྲོ་སོང་ཡང་བཏང་འདུག ཨ་ལགས་མཐའ་ཡས་ཚང་དང༌། ཚ་སྤྲུལ་དགེ་བཤེས་ཚང༌། ཨ་ལགསགཙང་བླ་གསུམ་ལ་གདན་ས་འདིར་བཞུགས་གནས་ཀྱི་གཟིམ་ཆུང་ཡང་ཡོད་མོད། འོན་ཀྱང་རིག་གནས་གསར་བརྗེས་སྐབས་སུ་རྩ་གཏཽར་བཏང་ནས་ད་ལྟ་མཁར་ཤུལ་ཙམ་ཞིག་མིག་གིས་མཇལ་ཡུལ་དུ་གྱུར། དུས་འགྱུར་གྱི་མུན་ནག་ཅུང་ཟད་བསངས་ནས་ཆོས་སྒོ་གསར་དུ་ཕྱེ་སྐབས་ཆུ་ནག་ལུང་བའི་སྤྲུལ་སྐུ་ཕྱིར་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕེབས་ནས་གྲྭ་མང་ཡངས་ལ་མང་ཇ་ཞིག་སྐོལ། སྐབས་དེར་དགེ་འདུན་པ་རྒན་གྲས་ཚོ་ལ་ད་རྗེས་མ་གདན་ས་འདིར་ཕྱིར་ཡོང་ཨེ་ཐུབ་མི་ཤེས་མོད། འོན་ཀྱང་ཆུ་ནག་ལུང་བའི་ཡང་སྤྲུལ་རེད་ཟེར་བ་ཞིག་ཡོང་ངེས་པས་ཁྱེད་ཚོས་བདག་སྐྱོང་ཡག་པོ་གནང་རོགས་ཞེས་རེ་སྐུལ་ཚུལ་དུ་མཛད་དེ། ཕྱིར་ཆུ་ནག་ལུང་དགོན་དུ་ཕེབས་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། གདུང་རྟགས་ཀྱང་ཐུན་མོང་མ་ཡིན་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས་འདུལ་བྱའི་སློབ་བུ་རྣམས་དད་པས་ཡིད་རབ་ཏུ་འཕྲོག་པར་གྱུར་པའི་མཛད་པ་ངོ་མཚར་རྨད་དུ་བྱུང་བ་མང་པོ་བསྟན།

ཐེ་བོའི་རྟ་དཀར་རྟ་ཤུག་དགོན་བཀྲ་ཤིས་བསམ་གཏན་གླིང་གི་སྐོར།

        ཐེ་བོའི་རྟ་དཀར་རྟ་ཤུག་དགོན་བཀྲ་ཤིས་བསམ་གཏན་གླིང་ནི་ཆས་ར་ཞེས་པའི་སར་དུས་རབས་བཅོ་བརྒྱད་པའི་ནང་རྟ་ཤུག་སྐུ་ཕྲེང་དང་པོ་བློ་བཟང་ཉི་མ་མཆོག་གིས་ཕྱག་བཏབ་པའི་དགོན་རྙིང་ཞིག་ཡིན་ལ་ཀིརྟི་སྐུ་ཕྲེང་བདུན་པ་ྋསྐྱབས་མཆོག་ཐུབ་བསྟན་ཉི་མས་དགོན་པའི་མཚན་ལ་བཀྲ་ཤིས་བསམ་གཏན་གླིང་ཞེས་བཏགས། རིག་གནས་གསར་བརྗེས་སྐབས་ཀྱི་གདུག་རྩུབ་དྲག་པོའི་སྲིད་བྱུས་འོག་དགོན་འདིའི་སྐུ་གསུང་ཐུགས་རྟེན་བཞུགས་གནས་འདུ་ཁང་དང༌། གྲྭ་ཤག་ཡོངས་རྫོགས་རྩ་གཏོར་བྱས།        གྲྭ་པ་རྣམས་དམར་གསོད་དང་ངལ་རྩོལ་འདྲ་མིན་ལ་བཙན་བསྐུལ་བྱས་པའི་དབང་གིས་རྗེས་སུ་སྲིད་བྱུས་ཅུང་ཙམ་གུ་ཡངས་ཆགས་ནས་ཆོས་སྒོ་ཕྱེ་ཙམ་སྐབས་སུ་དགོན་འདིར་འཇིག་རྟེན་རྙིང་བའི་གྲྭ་པ་གཅིག་ཀྱང་ལྷག་མེད་པའི་གནས་སྟངས་ཆགས་སྟབས་དགོན་པ་བསྐྱར་གསོ་བྱེད་མ་ཐུབ་པར་དེ་མུར་ལུས་པར། བདེ་ལྡན་ཞིང་གི་མགོན་པོ་ྋཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པ་མཆོག་ཕྱི་ལོ་ ༡༩༨༢ ལོར་དེ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་སླར་གསོ་དང་ཞག་བཞུགས་གནང་བ་སོགས་ཐུགས་བརྩེ་ཆེན་པོ་གནང་འདུག་པ་འདི་གཙོ་བོ་ས་ཁུལ་འདི་དག་རྒྱ་བོད་མཐའ་མཚམས་ལ་ཁེལ་བས་ཕྱོགས་གང་ཐད་ནས་གནད་འགག་ཆེན་པོར་གཟིགས་པར་རྒན་རབས་དག་གིས་བཤད།

མི་ཐོག་གསུམ་པའི་སྐབས།

གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་སྐོར།

        གཞན་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༦ པའི་ཚེས་འགོ་ནས་གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་ནས་གྲྭ་མང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་འབྲེལ་གཏོར་བཤིག་གཏོང་མཁན་སོགས་ཀྱི་མཚན་སྨྲས་ཞུ་དགོས་པ་སོགས་བརྗོད་ཀྱང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ང་ཚོ་བོད་མི་རིགས་ཀྱི་ལྷ་སྐལ་དང་ཚེ་འདི་ཕྱི་གཉིས་ཀའི་རྩ་བའི་བླ་མ་ཡིན་པས་ཁོང་ལ་མཚན་སྨྲས་ཞུ་རྒྱུ་ནི་ང་ཚོ་བོད་མི་རིགས་ཤིག་ལ་མཚོན་ན་སྲོག་ལ་ཐུག་ཀྱང་ཞུ་མི་ཐུབ་པའི་དོན་གནད་ཅིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་གྲྭ་མང་གིས་རྒྱ་གཞུང་གི་འདོད་མོས་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨྲས་སོགས་མ་ཞུས་པའི་དབང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་གྱི་དུས་ཡུན་རིང་དུ་བཏང་ནས་ལོ་ཕྱེད་ཙམ་རིང་ལས་འགུལ་སྣ་ཚོགས་སྤེལ་བའི་གནས་ཚུལ་བྱུང༌།

 

ཐེ་བོའི་ལ་རྩ་ཁོག་གི་དམག་འཁྲུག་སྐོར།  དམར་དམག་རྒྱང་བསྐྱོད་སྐབས།

        གཞན་ལོ་རྒྱུས་ཐོག་ཏུ་སྐད་གྲགས་ཡོད་པའི་ལ་རྩའི་ཁོག་ཏུ་བྲག་འགག་ཧ་ཅང་བཙན་ས་ཞིག་ཏུ་རྒྱ་དམག་ལ་བོད་མི་དཔའ་མཛངས་བརྟུལ་ཕོད་ལྡན་པ་མང་པོས་ངོ་རྒོལ་འཐབ་འཁྲུག་གནད་དུ་ཁེལ་བ་བརྒྱབས་པས་རྒྱ་དམག་རྣམས་ཅི་བྱ་གཏོལ་མེད་གནས་སུ་བསྐྱལ་བའི་གནས་ཚུལ་སྐབས་དེར་དམག་སར་དངོས་སུ་ཡོད་པའི་རྒྱ་དམག་ཧུའུ་པིང་ཡུན་གྱིས་བྲིས་པའི་ལ་ཙི་ཁོའུ་བཙན་འགག་ཏུ་འཐབ་འཛིང་བྱེད་མཁན་དམར་དམག་ལེན་དྲུག་པ་ཞེས་པའི་རྩོམ་ཡིག་ལས་གསལ་རྟོགས་ཐུབ། རྗེས་སུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ས་གནས་འདིར་དཀའ་ཁག་ཆེན་པོ་མྱངས་པའི་གནས་ཚུལ་བཀོད་པའི་རྡོ་རིང་ཞིག་བཙན་གྱིས་བཙུགས་འདུག་པ་སོགས་ཀྱི་གནས་ཚུལ་ཙམ་མ་གཏོགས་བོད་མི་ག་ཚོད་བསད་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་རྙེད་སོན་མ་བྱུང་བས་ཁ་གསལ་འདིར་བརྗོད་དཀའ་ན་ཡང་རྗེས་སུ་ངེས་པར་ཁ་སྐོང་བྱ་དགོས་པའི་གལ་གནད་དུ་མཐོང༌།

ཐེ་བོའི་གཙང་པ་དམག་རུའི་སྐོར།

        གཙང་པ་དམག་རུ་ནི་དེང་སང་བྱ་འབབ་ཞང་ཁོངས་སུ་གཏོགས་ཤིང༌། ཤར་རོང་ཐག ལྷོར་ཁ་པ་ཀླུ་ཕྱུག་དམག་རུ། ནུབ་ཏུ་ཉིན་ངོ་བར་གཙང་དམག་རུ། བྱང་དུ་ཅོ་ནེ་རྫོང་ཁོངས་སོགས་དང་ས་འབྲེལ་ཡིན། སྔོན་ཆད་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་དུས་སྐབས་སུ་མཐའ་མཚམས་སྲུང་བར་གཏོང་གནང་མཛད་པའི་དམག་མི་རྣམས་ཀྱི་བརྒྱུད་ལས་ཆད། དེ་ཡང་ལྷ་སའི་ཀོང་པོའི་ཁོག་ནས་བཏང་བའི་དམག་གི་བརྒྱུད་ལས་ཆད་པ་སོགས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་གསུང་ལ། དུང་དཀར་ཚང་ལྷ་སའི་ཀོང་པོ་ཕྱོགས་ནས་ཡིན་པས་ཀོང་པོའི་མི་བརྒྱུད་ཕྱོགས་གང་སར་ཆད་ཡོད་མེད་སྐོར་ལ་ཞིབ་འཇུག་ནན་ཏན་བྱས་པ་ཞིག་ཡིན་ངེས། གཙང་པ་དམག་རུ་འདི་ལ་སྟོད་གཙང་སྡེ་བ་དང༌། གད་སྐྱ་སྡེ་བ། ཚ་བ་སྡེ་བ། ཐོག་ཀ་སྡེ་བ། གཙང་ཡུལ་སྡེ་བ། ཁ་སྨད་སྡེ་བ། སྟེང་ལེབ་སྡེ་བ། བྱ་བཟང་སྡེ་བ། བོད་གཙང་སྡེ་བ། འོག་ཤོད་སྡེ་བ། ཤིང་ར་སྡེ་བ་བཅས་སྡེ་བ་བཅུ་གཅིག་ཡོད་པའི་ཁོངས་ནས་ཤིང་ར་སྡེ་བ་ནི་སྔོན་ཆད་རྒྱ་ནེ་དམག་རུའི་ཁོངས་སུ་ཡར་བརྩི་ཡང་དེང་སང་མར་གཙང་པ་དམག་རུའི་ཁོངས་སུ་གཏོགས་པ་ནི་ཕལ་ཆེར་ས་འབྲེལ་སྟབས་བདེ་མིན་གྱི་དབང་གིས་མར་ཆད་པར་ངེས། དམར་དམག་རྒྱང་བསྐྱོད་དམ་གུང་ཁྲན་ཕམ་ཉེས་ཆེན་པོའི་སྐབས་སུ་བྲོས་བྱོལ་དུ་འགྲོ་སྐབས་ཤིང་ར་སྡེ་བའི་ནང་འབྱོར་སྐབས་སྡེ་བའི་མི་ཕལ་ཆེ་ནགས་གསེང་དང་རི་གསེང་བྲོས་ཏེ་རྒྱ་དམག་སྡེ་བའི་ནང་ཤག་འདུག་སྐབས་གློ་བུར་སྡེ་བའི་ཕོ་གསར་རྣམས་རྒྱུགས་ནས་རྒྱ་དམག་དང་འཐབ་འཛིང་བྱས་སྐབས་སྡེ་བའི་མི་འགའ་ཤས་དེ་ཉིན་ཚེ་སྲོག་ཤོར་དགོས་བྱུང་ཡང་ལག་ཏུ་སྟ་རེ་དང་གྲི་མདུང་ཙམ་ལས་པའི་བོད་མིས་རྒྱ་དམག་ཁ་ཤས་སྟ་རེ་དང་གྲི་མདུང་སོགས་ཀྱིས་བསད་པ་དང༌། འགའ་ཤས་གསོན་བཟུངས་བྱས་ནས་ཤིང་ར་སྡེ་བ་དང་འོག་ཤོད་སྡེ་བའི་བར་དུ་བྲག་ནང་གཡུགས་པ་སོགས་ཀྱིས་རྗེས་སུ་རྒྱ་ནག་གུང་ཁྲན་ལ་རྒྱལ་ཁ་ཐོབ་ནས་བོད་ས་ཡངས་ལ་བཙན་འཛུལ་གྱིས་བཟུང་སྐབས་སུ་ཤིང་ར་སྡེ་བ་ནག་ཉེས་ཅན་གྱི་ས་ཁུལ་དུ་ངོས་འཛིན་བྱས་ཏེ་གུང་ཁྲན་གྱིས་གདུག་རྩུབ་དང་མནར་གཅོད་ཆེན་པོའི་འོག་མི་མང་བོ་དམར་བསོད་དང་མུ་གེ་སོགས་ཀྱིས་དམྱལ་བ་མངོན་སུམ་མི་ཡུལ་དུ་མྱངས་པར་བྱས།

 


 

Posted in དཔྱད་རྩོམ། | མཆན་འདེབས།

ས་མཐའི་སྐྱོ་མགུར།

བསེ་རོང་འོད་ཟེར།

རབདཀར་ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ།།བརྒྱད་ཟུང་ལང་ཚོ་སྨིན་ལེགས་གངས་དཀར་གྱི་ལྷ་མོས།།

སྙན་འཇེབས་པི་ཝང་དབྱངས་སྐུད་ཕྱག་སོར་གྱི་ལམ་ནས།།ས་མཐའི་བུ་ཆུང་སྐྱོ་གླུའི་རམ་འདེགས་སུ་འཕོས་རོགས།།

ཆུང་འདྲིས་གཉེན་ཉེ་ཚོང་འདུས་མགྲོན་པོ་བཞིན་བསྐྱུར་ནས།།བདག་འཛིན་བློ་ལ་བདེ་འབྱོར་གང་མང་ཞིག་བསྒོམས་ཀྱང་།།

མཐའ་འབྲས་རྨི་ལམ་ཞིམ་པོ་འཇའ་ཚོན་བཞིན་ཡལ་དུས།།ཉམས་མྱོང་མཁན་པོའི་དུག་ཚེར་བདུད་རྩི་ལས་ལྷག་ཨང་།།

བྱམས་བརྩེ་མཁའ་ལྟར་ཡངས་པའི་བཤེས་གཉེན་གྱི་དྲུང་དུ།།གཏན་བདེ་ཐར་ལམ་སྟོན་པའི་གདམས་ངག་གི་བདུད་རྩི།།

ཉིན་མཚན་ལྟོས་མེད་སྤྱོད་པའི་སྐལ་བཟང་གི་ཉིན་མོ།།མགོ་བོའི་ཞྭ་བཞིན་ཕུད་པའི་ངང་ཚུལ་འདི་སྐྱོ་བ།།

ཡིད་སེམས་འོ་ཆུ་འདྲེས་པའི་གཤིས་བཟང་གི་སྙན་ལ།།བྱོལ་སེམས་བསླུ་ཚིག་སྙིང་གཏམ་རང་མོས་སུ་བརྫུས་ཏེ།།

ཆོས་གྲོགས་ཡིད་ཀྱི་མཚོ་ཁར་ན་བུན་ལྟར་འཐིབས་དུས།།བདག་ཡིད་གངས་དཀར་ཁང་བཟང་ཕྱིར་ཕུད་འདི་སྐྱོ་བ།།

མན་ཤེལ་ཕྲེང་བས་བསྐོར་བའི་གཡུ་གཤོང་གི་ལྟོ་བར།།རྩྭ་ཆུ་རླུང་གསུམ་འཛོམས་པའི་དྭངས་གཙང་དེ་བསྐྱུར་ནས།།

མི་གཙང་དྲི་བསུངས་འཐུལ་བའི་དབུགས་རུལ་འདི་རྔུབ་སྐབས།།སྣང་ཡུལ་གང་ལ་གཏད་ཀྱང་སྐྱོ་ཉམས་ལས་མི་འདུག།

རབ་བརྗིད་ཁང་བརྩེགས་རྣམ་སྲས་ཁང་བཟང་གི་སྤུན་ཟླ།།རབ་དུལ་དགེ་སློབ་གསེར་སྦྲང་གཞོན་ནུ་ལ་འཕྱ་བཞིན།།

རབ་ཡངས་ཤེས་རིག་དགའ་ཚལ་འཕུར་ལྡིང་ལ་བྲེལ་དུས།།རབ་འདུན་སེམས་པ་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་།།

ཁོར་ཡུག་མུ་ཁྱུད་རྐང་འཐུང་མུ་མེད་དུ་འཁྲིགས་ཤིང་།།ལུས་སེམས་གཡེང་ཡུལ་འཕྲང་དོག་གྲོང་རྙིད་ཀྱི་གསེང་ནས།།

ས་མཐའི་སྐྱོ་སེམས་ཆུ་འཛིན་འདབ་མ་ལ་འཕྱ་བཞིན།།མི་མངོན་དབྱིངས་ནས་ཕ་ཡུལ་མཛེས་ལྗོངས་ལ་ཐིམས་སོང་།།

དམར་ཕྱོགས་སྡེར་འོག་ཚུད་པའི་གངས་ལྗོངས་ཀྱི་ཡུལ་ནས།།གསོན་རྙེད་རྒྱ་ལས་ཐར་པའི་རི་དྭགས་བཞིན་འཁྱམས་ཏེ།།

ཐག་རིང་མི་ཡི་རྒྱལ་ཁམས་རང་དབང་ནི་མཇལ་ཡང་།།མི་ཁས་གནམ་འོག་དོག་སྣང་བག་འཁུམས་འདི་སྐྱོ་བ།།

ལྷན་སྐྱེས་འདྲེས་མེད་གཞན་ཡུལ་འཁྱམས་དགོས་ཤིག་བྱུང་བས།།ཐུན་གསུམ་རྨི་ལམ་ཞིང་ནས་ཕ་ཡུལ་དེ་མཇལ་དུས།།

སྐྱ་རེངས་ལྷ་མོ་སྐྱོ་བའི་ཉི་ཟེར་གྱི་ཐིགས་པ།།དབང་ཕྱོགས་མཚམས་སྤྲིན་ཕྲག་ནས་དབང་མེད་དུ་ཤོར་སོང་།།

རྩེད་ཐང་རྟེན་འབྲེལ་ངོ་མཚར་མེས་པོ་ཡི་གཏམ་རྒྱུད།།གསར་སྐྱེས་གཞོན་ནུའི་མགྲིན་ངག་དོ་ཤལ་ལ་སྒྲོན་དུས།།

ལྷན་སྐྱེས་གཤིས་བཟང་སྙིང་རྗེ་ས་བོན་གྱི་གོང་བུ།།གདུང་དྲུག་གདོང་དམར་ཞིང་སར་ལྷ་སྒྲུང་ལས་བཏབ་སོང་།།

དེང་རབས་ཡ་མཚན་ཚན་རྩལ་སྟོན་ཟླ་ཡི་དཔལ་ལ།།གཞོན་སྐྱེས་ཀུ་མུད་ཐོས་འཛུམ་དབང་མེད་དུ་འཐོར་དུས།།

བྲག་སྲིན་ཚ་རྒྱུད་བྱམས་སྙིང་འོ་མཚོ་ཡི་སྤུན་ཟླ།།དུས་ཀྱི་སྐྲ་སེར་སྤྲེལ་རིགས་ཐིམས་ཚུལ་འདི་སྐྱོ་བ།།

ཡབ་མེས་སྲོག་སྙིང་ལ་ཁའི་དར་ལྕོག་བཞིན་ཟགས་ནས།།རེ་འབྲས་ལན་དུ་སྨིན་པའི་གསར་སྐྱེས་ཀྱི་ལྗང་བུ།།

ཤེས་འབྱོན་གཤོག་ཟུང་འདབ་མ་བསིལ་རླུང་དེ་ལྡང་དུས།།ཟླུམ་གཟུགས་གོ་ལའི་རིགས་མང་ཐིམས་གནས་འདི་སྐྱོ་བ།།

ནུབ་ཁའི་ཉི་མ་མཚམས་སྤྲིན་ཕང་བ་རུ་བཞུད་ཅིང་།།འཆར་ནུབ་རང་བཞིན་ནང་སེམས་གཞུ་མོ་དེ་བཀུག་ཀྱང་།།

འདིར་བྲལ་དྲིན་ཆེན་ཕ་མའི་བྱམས་བརྩེ་དེ་བསམ་ཚེ།།ས་མཐའི་དགོང་ཁའི་དུས་ཡུན་ལྷག་པར་དུ་སྐྱོ་བ།།

སྒང་དྲུག་ཡུལ་ནས་འཁྱམས་པའི་མགྲིན་ངག་ལས་ཐལ་བའི།།གང་ཤར་མི་འབྲེལ་མྱོས་གར་རྩོམ་རྩལ་ལ་བརྫུས་ནས།།

དཀར་འཇམ་ཆུ་འཛིན་འདབ་མའི་ཕང་བ་རུ་འཁྱུག་པའི།།གློག་ཞགས་བརྗོད་སྙིང་བྲལ་ཀྱང་སྨྱུག་རྩེ་ལས་བསྐྱུགས་སོང་།།

Posted in སྙན་རྩོམ | མཆན་འདེབས།

དྲན་གདུང་མུ་ཏིག་དོ་ཤལ།

བསེ་རོང་འོད་ཟེར།

 ཁ་ཆར་སེར་གསུམ་དཔྱིད་དཔལ་བསུ་ཞིང་རི་ལུང་གཡུ་མདངས་འཚེར་བའི་དུས། །སྤྲིན་གྱི་སྒྲ་དབྱངས་མཁའ་ནས་ལྡིར་ཞིང་རྨ་བྱས་སྒྲོ་གུར་ཕུབ་པའི་དུས། །

རྩི་ཤིང་ནགས་ཚལ་གཡུ་ཞུན་བྱུགས་ཤིང་རྫི་བོའི་གླིང་བུ་རྣར་སྒྲོན་དུས། །དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན། །

གངས་དཀར་ལྷ་མོའི་རྔུལ་ཆུ་འཐོར་ཞིང་སྙིང་གཏམ་འཛིན་མར་གླེང་བའི་དུས། །ཚང་ཚིང་འདབ་ཆགས་སྐད་སྙན་སྒྲོག་ཅིང་དབེན་གནས་ལྷིང་འཇགས་དཀྲོགས་པའི་དུས། །

དཔྱིད་དཔལ་སྒེག་མོས་ལང་ཚོ་ངོམ་ཞིང་སྣ་ཚོགས་མེ་ཏོག་བཀྲ་བའི་དུས། །དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན། །

འབྲས་ལྡན་སྙེ་མར་གསེར་ཞུན་ལྷུང་ཞིང་ཞིང་བདག་རྔུ་ཆུ་འཛུམ་པའི་དུས། །གསེར་གྱི་ལྗང་ཤོན་ཕྱོགས་བཞིར་འཕུར་ཞིང་ཁུ་བྱུག་མོན་ཡུལ་འགྲིམས་པའི་དུས། །

ཉམ་ཆུང་བུ་ངས་འཁྲེང་སེམས་ལྕི་མོས་ས་མཐའི་འཚོ་བ་སྐྱེལ་བའི་དུས། །དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན། །

གསེར་ལྡན་སྒེག་མོས་གོས་དཀར་བཀླུབས་ནས་པ་སངས་མདངས་ལ་འཕྱ་བའི་དུས། །ཉ་ཆུང་གསེར་མིག་འཁྱགས་པས་བསྡམས་ནས་འཇག་སྐྱས་ཤུགས་གླུ་ལེན་པའི་དུས། །

སྙན་ངག་ལྷ་མོར་ཡིད་སེམས་ཤོར་ནས་སྨྱུག་རྩེ་འགྲོས་ལ་ཚོམས་པའི་དུས། །དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན། །

འབྲུ་རིགས་སྣ་ལྔའི་ཕང་བར་གཏམས་ནས་ནོར་འཛིན་འཁུན་སྒྲ་འབྱིན་པའི་དུས། ། ཤེས་ལྡན་མི་སྣའི་ཐུགས་རྒྱུད་ཕྱུག་ཀྱང་ཡང་དག་ཡ་རབས་དབེན་པའི་དུས། །

ཉེར་ལྔའི་ལང་ཚོ་འཇའ་བཞིན་ཡལ་ནས་ཡང་སྙིང་འབྲས་བུས་སྟོང་བའི་དུས། ། དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན། །

རྒྱལ་ཁམས་འགྲིམས་པའི་སྤོབས་རྩལ་བརྟས་ནས་མེ་མདའི་ཞིང་ཁམས་མྱུལ་བའི་དུས། ། ཉིན་དཀར་བྲག་ཕུག་ཏིང་འཛིན་བསྒོམས་ནས་མཚན་རྒྱུའི་འུག་འགྲོ་བྱེད་པའི་དུས། །

རྩ་གསུམ་ལྷ་ལ་སྙིང་རེ་བཅོལ་ནས་མྱ་ངམ་ཐང་ཆེན་བརྒལ་བའི་དུས། ། དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན།།

གོ་ལའི་ཡང་རྩེར་རྨས་སྐྱོན་ཕོག་ནས་ལུས་ཁམས་ཟུག་རྔུས་གཟིར་བའི་དུས།། འདྲེན་བྱེད་བུང་བའི་གཤོག་ཟུང་ཟད་ནས་གངས་དཀར་གཡུ་མདོག་སྣང་བའི་དུས།།

ཡི་དྭགས་འཚོ་བ་མངོན་སུམ་སྤྱད་ནས་འཇིགས་རུང་གངས་ཤུད་ལྡིར་བའི་དུས།། དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན།།

ས་མཚམས་རྡོ་བར་དར་ཚོན་སྤྲས་ཤིང་རྒྱལ་ཁའི་ལམ་སྣེ་ཟིན་པའི་དུས།། དབང་མེད་མགྲིན་ལས་ཤོར་བའི་ཀི་སྒྲ་སྤྲིན་གྱི་སྒྲ་དབྱངས་འཕྱ་བའི་དུས།།

མི་ཚེ་ཐེངས་གཅིག་གཏམ་རྒྱུད་རྨིས་བཞིན་ཤེལ་དཀར་ཁང་བཟང་འཁྲུལ་བའི་དུས།། དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་ཕྲེང་བ་ཁྱེད་ལ་སྒྲོན།།

དུས་གསུམ་རྒྱལ་བའི་གདུལ་ཞིང་ཁྱད་འཕགས་འཕགས་ཡུལ་ཆོས་ཀྱི་དགའ་ཚལ་ཆེར།། དུས་གསུམ་འདྲེན་པའི་ཐུགས་ཀྱི་སྒྱུ་འཕྲུལ་༧གོང་ས་རྣམ་འདྲེན་སྤྱན་སྔ་རུ།།

དུས་གསུམ་དྲན་གདུང་ཤུགས་དྲག་འདེབས་འདོད་སྐྱོ་ངག་མཆུ་མས་བདག་མགྲིན་བརླན།། དུས་གསུམ་ལྷད་མེད་དད་པའི་ཞིང་དུ་རྟག་བརྟན་མི་འགྱུར་བཞུགས་པར་མཛོད།།

རྩོམ་ཡིག་འདི་ནི་རྩོམ་རིག་གར་ཕྲེང་དུ་དེ་སྔོན་བཀོད་པ་ལས་བཤུས་ཏེ་བསྐྱར་བཀོད་བྱས་པའོ།།

Posted in སྙན་རྩོམ | མཆན་འདེབས།

བུ་སྟག་ཤུན་ཅན།

བསེ་རོང་འོད་ཟེར།

༄༅།། དེ་རིང་དྲ་ལམ་ནས་བོད་ནང་གི་གྲོགས་པོ་ཞིག་ལ་གླེང་མོལ་ཅུང་ཙམ་བྱས་པའི་ཞོར་འཕྲོས་སུ། ཕྱི་ལོ་ ༢༠༠༠ ཟླ་ ༥ པའི་ནང་མདོ་སྨད་རོང་ཆེན་བཞིའི་ནང་ཚན་དུ་གྱུར་པ། ཐེ་བོ་སྨད་གཙང་པ་དམག་རུའི་ཚ་བ་སྡེ་བ་ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་བྱིས་པ་ཞིག་སྐྱེས་པ་དེའི་ལུས་ཕུང་རྒྱབ་མདུན་གང་སར་སྟག་གི་ཐིག་ལེའི་རྣམ་པ་ཅན་དང་། རྐང་ལག་བཞི་བོ་གཅན་གཟན་གྱི་སྡེར་མོའི་དབྱིབས་ལྟ་བུ། ཕར་བལྟས་ཚོད་ལ་སྟག་ཕྲུག་ཅིག་དང་གཉིས་སུ་མ་མཆིས་པའི་བྱིས་པ་ཞིག་སྐྱེས་ཤིང་།  བྱིས་པ་དེ་སྐྱེས་ཉིན་མོར་ནམ་མཁར་འཇའ་ཤར་བ་དང་། སྐྱེས་དུས་ཨ་མའི་འཁྲིས་ན་མི་སུ་གང་ཡང་མེད་པའི་དབང་གིས་ཨ་མ་དེ་ཡང་ཆུ་ཚོད་ཕྱེད་ཀའི་རྗེས་ལ་འདས་གྲོངས་སུ་གྱུར་པ་མ་ཟད། ཕྱི་དྲོ་ཙམ་ལ་གྲོང་སྡེ་ཡོངས་ལ་མེ་སྐྱོན་བྱུང་སྟེ་ཁང་ཁྱིམ་དང་རྒྱུ་ནོར་སྐྱོབ་ཐབས་གང་ཡོང་བྱས་ཀྱང་། དེང་རབས་མེ་སྐྱོབ་ཀྱི་ཆ་རྐྱེན་གང་ཡང་མེད་པ་སོགས་ཀྱིས་ཁྱིམ་གྱི་ཅ་ལག་འགའ་ཤས་ཐར་བ་མ་གཏོགས་གཞན་ཁང་པ་དང་རྒྱུ་ནོར་ཚང་མ་རྩ་མེད་དུ་གྱུར་པ་མ་ཟད། སྒོ་ཁའི་ཕྱུགས་ཟོག་འགའ་ཤས་ཀྱང་མེས་ཚིག་བྱུང་པའི་གནས་ཚུལ་ཚབས་ཆེན་བྱུང་ཡང་། བྱིས་པ་དེའི་ཁང་ཁྱིམ་གྲོང་སྡེ་ཅུང་ཙམ་ཟུར་དུ་ཡོད་པས་ཡིན་ན་མ་གཏོགས། ཚབས་ཆེ་བའི་མེ་རླབས་གྲོང་སྡེ་ཕྱོགས་གང་སར་ཆེད་བཞིན་ཡོད་རུང་བྱིས་པ་དེའི་ཁང་ཁྱིམ་ལ་མེས་སྐྱོན་གང་ཡང་མ་བྱུང་བའི་གནས་སྟངས་འདིས་སྡེ་མི་ཀུན་རྣམ་རྟོག་གི་དྲ་བའི་དབྱིངས་སུ་ལྷུང་གཞི་ཆེན་པོ་ཞིག་ཏུ་གྱུར། རྒན་གཞོན་འགའ་ཤས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་བོད་སར་སླེབས་མ་ཐག་ནས་རི་ལུང་གང་སར་ཚད་ལས་རྒལ་བའི་ཤིང་ནགས་གཅོད་བྲེགས་དང་། ལྷག་དོན་བོད་མིས་མི་ལོ་སྟོང་ཕྲག་ལྷག་ལ་སྲུང་སྐྱོབ་བྱས་པའི་གནས་རི་གལ་འགངས་ཆེ་བ་སོགས་སུ་འཛེམས་དོག་གང་ཡང་མེད་པར་ཤིང་ནགས་གཅོད་བྲེགས་དང་། གཏེར་ཁ་སྔོག་འདོན་བྱས་པའི་ཉེར་ལེན་གྱིས་ལྷ་ཀླུ་གཞི་བདག་ཁྲོས་ནས་རྟགས་བསྟན་པ་མངོན་གསལ་རེད་ཅེས་ཡུལ་དེའི་གཞི་བདག་གི་གཞོན་པ་སྟག་ཡིན་པ་བཤད་སྲོལ་གྱི་བག་ཆགས་སྟུག་པོ་ཞིག་རྒྱུ་མཚན་དུ་དྲངས་ཀྱང་། གཟུ་བོར་གནས་པའི་མི་མང་པོ་ཞིག་གིས་བྱིས་པ་དེའི་སྐྱེས་གཟུགས་དང་། སྐྱེས་པའི་ཉིན་མོ་རང་ལ་རི་སྒང་དུ་ཁྱིམ་གཞིས་བཅས་པའི་གྲོང་སྡེ་ཆུང་ཆུང་དེའི་ནང་གནས་ཚུལ་ཚབས་ཆེན་འདི་འདྲ་མང་པོ་ཞིག་དུས་མཉམ་དུ་བྱུང་བ་བློ་ཡུལ་ལས་འདས་པའི་ཆེས་ཡ་མཚན་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་ཅིག་ཏུ་ཆགས་པར་གླེང་།

Posted in ཡ་མཚན་དངོས་བྱུང་། | Tagged | མཆན་འདེབས།

ང་དང་སྙན་ངག

བསེ་རོང་འོད་ཟེར།

ཉིན་རེ་སེམས་ཀྱི་འཆར་སྒོ་གསལ་བའི་མེ་ལོང་བུ་མོའི་འཛུམ་ཞལ་ལ།།

དུས་ཚུགས་འགྱུར་འགྲོས་ངང་ཚུལ་ཟབ་མོས་ཡིད་སེམས་མཚོ་མོའི་རླབས་རིས་ལྟར།།

ཆལ་ཆིལ་གཡོས་པའི་རླབས་རིས་གཉེར་མ་རྡོ་ལ་བཏབ་པའི་རིལ་མོ་བཞིན།།

བརྗོད་བྱ་རྗོད་བྱེད་སྣ་ཚོགས་སྤེལ་བ་སྙན་ངག་ལྷ་མོའི་འཛུམ་མདངས་ཉིད།།

ཡིད་འོང་མཚོན་མདངས་རྣམ་པར་བཀྲ་བའི་འདག་རྫས་འཇའ་ཚོན་ཝུ་བ་ལྟར།།

ནམ་ཞིག་གད་ནས་འགྲོ་བའི་ཆོས་ཉིད་སྙན་ངག་ལྷ་མོར་མེད་གྱུར་ཀྱང་།།

དངོས་ཐོག་བདེན་འཚོལ་ཆོས་ཉིད་ལམ་ནས་སྤྱི་ཚོགས་སྣང་བརྙན་བསྐྲུན་པ་ལ།།

ཞུམ་མེད་སྙིང་སྟོབས་མཁའ་དབྱིངས་འཕྱུར་བས་སྙན་ཚིག་ཟེགས་མ་འཕྱོ་བ་ལས།།

དངོས་ཡོད་འཚོ་བའི་གསོན་དྲི་འཐུལ་བའི་སྙན་ཚིག་ལྷ་མོ་འཛུམ་པའི་དུས།།

བདག་ཡིད་མཚོ་མོ་དགའ་སྤྲོས་བརྟས་བཞིན་སྦྲང་ཆར་བསིལ་མ་ཅིས་མི་འཇོ།།

སྦྱོང་བརྩོན་བུ་མོའི་ཚེ་སྲོག་རྒྱུ་བ་སྙན་རྩོམ་སྣང་བརྙན་མ་ཞུགས་པར།།

ང་དང་སྨྱུག་རྩེའི་ཚེ་སྲོག་རིན་ཐང་ཤོག་དཀར་ངོས་སུ་འཁྱུག་ལ་བྲེལ།།

Posted in སྙན་རྩོམ | མཆན་འདེབས།

ཡུན་རིང་འགྲོགས་པའི་གྲོགས་མཆོག་ཅིག་ལ་སྤྲིངས་པ།

ཉེར་གཅིག་དུས་རབས་འགྱུར་འགྲོས་རྦ་རླབས་གོ་ལའི་གྲོང་དང་གྲོང་ཁྱེར་སོགས།།

ཁྲི་གདུགས་ཉི་མའི་འོད་སྣང་འཕྲོས་བཞིན་རིས་མེད་ཕྱོགས་མཐར་འཕོས་པའི་དུས།།

འདི་སྣང་འཚོ་བའི་ཞེན་ཆགས་ཟབ་མོས་སྐྱེ་དགུ་ཉི་དགའ་མེ་ཏོག་ལྟར།།

དགའ་སྤྲོ་འདུན་མའི་འཛུམ་རླབས་དང་པོ་དུས་རབས་བུ་མོའི་འཛུམ་ཞལ་འཁོར།།

ཡིད་འོང་སྒྱུ་འཕྲུལ་ཞིང་ཁམས་དེ་ལ་གཅིག་ལས་གཅིག་མགྱོགས་མྱོས་པའི་དུས།།

མི་འགྱུར་གསེར་གྱི་རང་གཤིས་དྲང་ཞིང་ལྷག་བསམ་གཤིན་ས་བཟང་པོ་ལ།།

དད་དམ་འགྱུར་མེད་ལྗོན་ཤིང་ལོ་འདབ་མེ་ཏོག་འབྲས་བུ་རྒྱས་པ་འདིས།།

མི་ཚེ་དོན་སྙིང་ལེགས་འགྲུབ་ཡོང་བའི་སྐལ་བཟང་གཞན་གྱི་མིག་དཔེར་བསྔགས།།

ཆུང་འདྲིས་བརྩེ་གྲོགས་དྭངས་མ་མིན་ཡང་ངོ་ཤེས་བཟང་པོ་ཕྱིར་དྲན་དང།།

ས་མཐའི་འཚོ་བའི་ཀྱོག་ཀྱོག་བགྲོད་ལམ་བགྲང་བྱ་མང་པོ་མཉམ་བརྒྱུད་དེ།།

ལྷད་མེད་བརྩེ་པས་བསྐུལ་མ་བྱེད་སའི་གྲོགས་མཆོག་དྭངས་མར་གྱུར་པ་འདི།།

མི་ཚེ་ཕྱེད་ཀའི་ལོ་ཟླའི་ཁྲོད་ནས་ཕྱིར་དྲན་འོས་པའི་ལེའུ་ཞིག།

གྲོགས་མཆོག་གྱེས་ཕྱག་དང་པོ་དེ་ཡང་རྡ་སའི་རི་གྲོང་འབབ་ཚུགས་སུ།།

བརྩེ་སེམས་དྭངས་མའི་འོ་མཚོ་རླབས་རིས་དར་དཀར་ལྷ་རྫས་དབྱེར་མེད་དུ།།

ཁྱེད་ལ་སྒྲོན་ནས་གཞིས་བྱེས་ལྷན་འཛོམས་དམིགས་འདུན་དང་པོ་ལེགས་གྲུབ་ཏེ།།

མི་འགྱངས་མཉམ་འཛོམས་སྐལ་བཟང་དེ་ཡང་རྡ་སའི་འབབ་ཚུགས་རང་ནས་བསུ།།

ཡུན་རིང་འགྲོགས་པའི་གྲོགས་མཆོག་རྫེ་ཚ་ལྡོམ་པོ་ལགས་ངའི་རྨི་ལམ་ནང་གི་ཤམ་བྷ་ལའམ་གངས་རིའི་ལྗོངས་སུ་གཉེན་འཕྲད་དུ་འགྲོ་ཁར་དྲན་རྟེན་དུ་བསམ་ཚུལ་འགའ་ཤས་འབྲི་དགོས་བཤད་པ་ལྟར་གུས་པས་རྨོངས་བློར་གང་ཤར་བྲིས་པ་འདིས་གྲོགས་མཆོག་དམ་པའི་ལམ་བར་དུ་དཀའ་ངལ་གང་ཡང་མེད་པར་ལྷན་འཛོམས་ཀྱི་ཉིན་མོ་མྱུར་ཤར་ཡོང་བའི་ཤིས་གྱུར་ཅིག་ཅེས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༠ ཉིན་ལ་ཕུལ།

Posted in སྙན་རྩོམ | མཆན་འདེབས།