མཚན་མོའི་ཡུལ་ལྗོངས།

ལྷུང་འཇགས་མཚན་མོའི་ཡུལ་ལྗོངས།།

བསིལ་རླུང་འཇམ་པོས་ཁྱབ་དུས།།

ངལ་དུབ་ལུས་སེམས་ཟུང་ལ།།

གསོན་ཤུགས་བདེ་སྣང་འཕོས་སྐབས།།

རབ་རིབ་འཆར་སྣང་ཞིག་གིས།།

མིག་ཟུང་མཁའ་དབྱིངས་གཏད་པས།།

ཟིན་མེད་སྐར་ཚོགས་དྲ་བར།།

སེམས་ཉིད་རེ་ཞིག་ཚུད་སོང་།།

གློ་བུར་བསིལ་རླུང་འཇམ་པོས།།

དྲན་པའི་བརྒྱལ་ལས་བསླངས་དུས།།

མུ་མེད་གྲོང་ཚོ་རབ་རིབ།།

གློག་ཞུན་བཀྲ་བས་ཁྱབ་འདུག།

དབེན་གནས་མཚན་མོ་འདི་ལ།།

བསམ་གཞིག་ཁ་བའི་མེ་ཏོག།

ངེས་མེད་སེམས་ཚོར་རླུང་བུས།།

ཁ་བའི་ལྗོངས་ལ་འཕོས་སོང་།།

བརྩེ་སེམས་ཁ་བའི་གསེང་ནས།།

འཛུམ་པའི་གངས་ལྷ་མེ་ཏོག།

འཁྲེང་སེམས་ལོ་ཟླའི་ཁྲོད་དུ།།

རེ་ལྟོས་བརྩེ་འཛུམ་གྲོལ་ཡོད།།

མཇལ་འདོད་བགྲང་བྱ་རིང་ཡང་།།

ཞུམ་མེད་སྙིང་སྟོབས་ཤིག་གིས།།

ལོ་ཟླ་ཡུན་གྱིས་བསྐྱལ་ནས།།

མིག་ཟུང་རེ་བས་ཁེངས་ཡོད།།

ལྷད་མེད་གངས་ལྷ་མེ་ཏོག།

བརྩེ་འཛུམ་དུང་ལས་དཀར་བ།།

མི་འགྱངས་མཇལ་འདོད་བསམ་པས།།

ལུས་སེམས་བྲེལ་བས་ཁེངས་ཀྱང་།།

གློ་བུར་གངས་ལྷ་མེ་ཏོག།།

སད་སེར་འཆི་བདག་རྒྱལ་པོའི།།

བཀའ་ཡིག་ཐོག་ཏུ་བབས་ནས།།

མི་འདོད་གཏན་བྲལ་བྱས་སོང་།།

ཕྱིར་དྲན་སེམས་ཀྱི་འདུན་མས།།

སྙིང་ཁོང་སྟོང་བའི་གསེང་ནས།།

འགྱོད་སེམས་མུ་ཏིག་ཐིགས་པ།།

མིག་ཟུང་འདབ་ནས་ཟགས་སོང་།།

ཟློག་མེད་ལས་དབང་འདི་ཉིད།།

མི་ཚེ་བསབ་བྲལ་དབུལ་ལོན།།

ངེས་ཤེས་སེམས་གཏིང་རྙེད་དུས།།

སྐྱོ་བའི་རྒྱུ་ལས་མི་འདུག།

སྙིང་གི་གངས་ལྷ་མེ་ཏོག།

འཕྲེང་སེམས་འདབ་མ་ཟག་དུས།།

མ་འོངས་འདུན་ལམ་གནས་ལ།།

ངེས་མེད་རབ་རིབ་ཇེ་འཐིབས།།

སེམས་ཉིད་རང་གཤིས་དེ་ཡང་།།

ནམ་རྒྱུན་འདི་ལྟར་སྣང་ན།།

རེ་འདུན་མངོན་འགྱུར་དུས་ཚིགས།།

ཉིན་མོའི་སྐར་བཞིན་དབེན་མོད།།

འོན་ཀྱང་མ་དག་སྣང་བ།།

སྐད་ཅིག་འགྱུར་འགྲོས་ཡིན་པས།།

སེམས་ཀྱི་རང་བཞིན་རྣལ་མ།།

མངོན་འགྱུར་དུས་ཤིག་ཤར་ཡོང་།།

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s