འཛམ་གླིང་གསར་ལམ་ནང་གི་འབྲུག་ཆུ།

ཆེས་ཐོག་མའི་དུས་སུ་བོད་ཅེས་པའི་མིང་ཚིག་འདི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཙམ་གྱི་ཐ་སྙད་ལས་རིམ་གྱིས་བཙན་པོ་གནམ་རི་སྲོང་བཙན་ནས་འགོ་བརྩམས་ཏེ་བོད་ཁམས་ཡོངས་རྫོགས་དབང་འགྱུར་གྱི་རླབས་ཆེན་མདུན་སྐྱོད་སྙིང་སྟོབས་ལ་བརྟེན་ནས་གསུམ་གཉིས་ས་ལ་དབང་བསྒྱུར་བའི་སྐབས་སུ་བོད་ཅེས་པའི་ཐ་སྙད་འདི་ཁྱབ་རྒྱ་ཆེ་མོད། འོན་ཀྱང་ལོ་རྒྱུས་ཀྱི་འཕེལ་འགྲིབ་སྣ་ཚོགས་འོག་བོད་ཅེས་པའི་མིང་གི་ཁྱབ་ཚད་ལ་བརྟན་འཇགས་རང་བཞིན་མེད་པའི་འབོད་སྲོལ་འགའ་ཤས་བྱུང་བའི་ཉེར་ལེན་གྱིས་བོད་མི་རིགས་ཀྱི་ལོ་རྒྱུས་ལའང་ཆགས་སྒོ་མང་པོ་བྱུང་ཡོད། ཆེས་ཚབ་ཆེ་བའི་ཆགས་སྒོ་ནི་མི་རིགས་ས་ཁོངས་བདག་འཛིན་གྱི་བསམ་བློའི་འདུ་ཤེས་དབེན་པས་ལུང་བ་རེ་ལ་དབོན་པོའམ་རྒྱལ་པོ་རེ་འཛིན་པའི་མིག་རྒྱང་མཐོང་བའི་བྱས་ཉེས་འདི་ལ་བརྟེན་ནས་བོད་མི་རིགས་ཀྱི་ས་ཁོངས་ཁྱབ་ཚད་ལའང་སླར་གསོ་བྲལ་བའི་གས་ཆགས་ཆེན་པོ་བྱུང་ཡོད། ད་ལྟ་བོད་ཅེས་པའི་མིང་ཚིག་དེ་ཡང་བཙན་པོ་སྐབས་རྐང་རྐྱང་ལག་རྐྱང་བྱས་ཏེ་འགྱིངས་ཉམས་སྟོན་ས་ཡོད་པའི་ཡབ་མེས་ཀྱི་ཕ་གཞིས་དྲོན་མོ། དུས་ད་ལྟ་ང་ཚོ་རྐང་བཀུམ་ལག་བཀུམ་བྱས་ནའང་གནས་དཀའ་བའི་གནས་བབ་འདི་ལ་བསམ་གཞིག་བྱས་དུས་མཐའ་མཚམས་སུ་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་ཀྱི་ལྕགས་རི་ལྟ་བུར་གནས་སྟངས་འོག་རྒྱ་མི་རིགས་ལ་གདོང་ལེན་བྱས་ཏེ་ཡབ་མེས་ཀྱི་ཞབས་རྗེས་སྲུང་བའི་ལས་འགན་འདི་ལས་སླ་བོ་ཞིག་ག་ལ་ཡིན། དེར་བརྟེན་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་ཐེ་སྨད་འབྲུག་ཆུའི་སྐོར་གླེང་མོལ་གྱི་ཅུང་ཟད་ངོ་སྤྲོད་ཚུལ་དུ་འབྲི་དགོས་པ་དུས་ལ་བབ་འདུག

ཏུན་ཧོང་ནས་ཐོན་པའི་བོད་ཀྱི་རྒྱལ་རབས་ཡིག་རྙིང་དུ་ལྡོམ་ཁྲོམ་གྱི་ཡུལ་དུ་དབྱར་འདན་དང་དགུན་འདུན་ཞེས་ཚོགས་ཆེན་འཚོགས་ཚུལ་གསལ་བའི་ཡུལ་ཀྱང་ས་གནས་འདི་དག་ཡིན་པར་བཤད། འབྲུག་ཆུ་རྫོང་གི་ཤར་རིའི་ཞང་གཉིས་ཀྱི་ཡུལ་མི་ཚང་མ་རྒྱ་རིགས་དང་། ཞང་མང་ཤོས་ཀྱི་ཁོངས་སུ་བོད་ཀྱི་གྲོང་སྡེ་མང་བ་དང་། རྒྱའི་གྲོང་སྡེ་ཉུང་ཞིང་བོད་རིགས་རྣམས་སོ་སོར་སྡོད་པ་ལས་འདྲེས་སྡོད་མི་བྱེད་པ་མ་ཟད། རྒྱ་བོད་གཉིས་གཉེན་སྒྲིག་བྱེད་མཁན་མི་སྲིད་པ་ལྟ་བུའི་གནས་སྟངས་འོག་རྒྱ་བོད་གྲོང་སྡེ་བར་འཁོན་རྩོད་ཆེན་པོ་ཡོད་པར་བཤད། རྫོང་སྤྱིའི་མི་འབོར་གཅིག་འབུམ་གསུམ་ཁྲི་ལྷག་ཡོད་པ་ལས་བོད་རིགས་བཞི་ཁྲི་ལྷག་མ་གཏོགས་མེད། ལོ་རྒྱུས་ཐོག་ནས་བཤད་ན་བོད་མིས་འཚོ་བ་སྐྱེལ་སའི་ས་ཁུལ་ཡིན་ཡང་རྫོང་སྤྱིའི་མི་འབོར་བརྒྱ་ཆ་བཞི་བཅུ་ལས་ཟིན་གིན་མེད་པ་རེད།

འབྲུག་ཆུའི་ཡུལ་འདི་རི་མཐོ་གཡང་གཟར་དང་།  ས་གཞིས་བཟང་ཞིང་གནམ་གཤིས་དྲོད་གྲང་སྙོམས་པ་སོགས་རང་བྱུང་གི་གནས་བབ་བཟང་བའི་རྐྱེན་གྱིས་ཕྱི་ལོ་༡༩༥༠ལོའི་ཡར་སྔོན་དུ་རང་བྱུང་ནགས་ཚུལ་གྱི་འབྲུག་ཆུ་རྫོང་གི་ས་ཁྱོན་གྱི་བརྒྱ་ཆའི་༧༠ཁེབས་ཡོད་ཅིང་། རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཐེབས་མེད། འོན་ཀྱང་འདས་པའི་ལོ་བཅུ་ཕྲག་འགའི་རིང་འབྲུག་ཆ་རྫོང་གི་རང་བྱུང་ནགས་ཚུལ་ལ་གཞུང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་ཁྲིམས་མཐུན་གྱི་བཅད་ནས་ནང་ལོག་ཏུ་སྐྱེལ་འདྲེན་བྱས་པ་དང༌། ས་གནས་མི་མང་གིས་ཀྱང་འབུད་ཤིང་དང་འཚོ་བར་ཁ་སྣོན་གྱི་ཆེད་དུ་རྐུ་གཅོད་རྐུ་ལེན་གང་ཐུབ་བྱས་པས་མིས་བཟོས་པའི་འབྱུང་གཞིའི་གནོད་པ་དངོས་སུ་འབྲུག་ཆུའི་མགོ་ཐོག་ཏུ་བྱུང་། ས་ཐག་དེ་ཙམ་མི་རིང་བའི་མདོ་སྨད་ཀྱི་ཡུལ་ལུང་གཞན་པར་འཚོ་བ་ཚོས་གནས་འདི་རྒྱུས་མངའ་ཤིན་ཏུ་ཆུང་།
ས་མཐའ་འདིར་རྒྱ་མི་རིགས་ཀྱིས་མཐའ་ནས་རིབ་པའི་ཡུལ་ལུང་འདིར་ཁོང་ཚོས་ལོ་ངོ་སྟོང་ཕྲག་རིང་བཙན་པོའི་ཞབས་རྗེས་སྲུང་ནས་བོད་མི་རིགས་ཀྱི་གོམས་གཤིས་དང་ཆོས་ལུགས་རང་གཤིས་འཁྲགས་པོ་ཞིག་གིས་ད་བར་ཡབ་མེས་ཀྱི་ཕ་གཞིས་འདི་མ་ཤོར་བར་བཟུང་ནས་བསྡད་ཡོད།་སྔོན་ཆད་ས་ཁུལ་འདིར་དགོན་པ་ཉེར་ལྔ་ཙམ་ཡོད་འདུག་པ་རྣམས་ཀྱི་མཚན་ཙམ་འདིར་ཟིན་ཐོར་བཀོད་ན།

སེར་བོ་གཤོང་དགོན་བཀྲ་ཤིས་ལྷུན་པོ་གླིང་ནི་སེར་བོ་དོན་གྲུབ་རྒྱ་མཚོས་ཕྱི་ལོ་ ༡༦༨༠ ལོར་ཕྱག་བཏབ་ཅིང་། ཁོང་ཡུལ་དབུས་ལ་ཐེངས་གཉིས་པ་དེ་ཕེབས་ནས་པན་ཆེན་རིན་པོ་ཆེ་རབ་གནས་ཆེད་དུ་གདན་འདྲེན་བྱས་སྐབས་༧པན་ཆེན་རིན་པོ་ཆེ་ཁོང་གིས་ཡུལ་དབུས་རང་ནས་རབ་གནས་བྱས་ན་འཐུས་པར་གསུངས་ཀྱང་ཁོང་ཡིད་མཆིས་པར་༧པན་ཆེན་རིན་ཁོང་མདུན་དུ་མེ་ལོང་ཞིག་ཡོད་པ་དེའི་ནང་རང་ཡུལ་བསྟན་པ་སོགས་ཀྱིས་དགོན་མགོ་བཀྲ་ཤིས་ལྷུན་པོར་ཕུལ་ནས་དགོན་མིང་ལ་བཀྲ་ཤིས་ལྷུན་པོ་ཞེས་བཏགས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང་ནི་དགའ་ལྡན་དགོན་པའི་གྲྭ་བ་ཞིག་གིས་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག པེ་ཀུན་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཡང་དགའ་ལྡན་དགེ་བློ་བཟང་དཀོན་མཆོག་གིས་ཕྱི་ལོ ༡༧༠༩ ལོར་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཨོང་གསུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང་ནི་ཕྱི་ལོ་ ༡༦༩༤ ལོར་ཇོ་ཏོ་ཚུལ་ཁྲིམས་ཡོན་ཏན་གྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག དགའ་རུ་དགོན་ཐུབ་བསྟན་དར་རྒྱས་གླིང་ནི་ཕྱི་ལོ ༡༧༥༠ ལོར་རབ་འབྱམས་པ་བློ་བཟང་མཁས་མཆོག་ཚང་གིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག  ཟང་ལེ་དགོན་བཀྲ་ཤིས་བདེ་ཆེན་གླིང་ནི་ཕྱི་ལོ་ ༡༧༦༠ ཐམས་པ་ཡས་མས་སུ་དགེ་སློང་བློ་བཟང་ཤེས་རབ་ཀྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག ཙན་དན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་ནི་ཅོ་ནེ་དགོན་ཆེན་གྱི་དགེ་བཤེས་ཤིག་གིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག ལོ་ཚིགས་མི་གསལ་ཡང་། འདི་ཉིད་ཐང་རྒྱལ་རབས་སྐབས་ཙམ་ལ་བཏབ་པའི་ངག་རྒྱུན་ཞིག་ཀྱང་འདུག བདེ་ཆེན་བཤད་སྒྲུབ་གླིང་ནི་ཕྱི་ལོ་ ༡༦༢༡ ལོར་དགེ་སློང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག འདིའི་མན་ཆད་ཀྱི་ལོ་ཚིགས་སོགས་འཚོལ་སྒྲུབ་བྱས་ཏེ་དགོད་ཆོག་པར་ཞུ། བུ་བདེ་དགོན། སྐྱིད་སྐྱོང་དགོན། སྒོ་བཞི་དགོན་པ། ཆུ་མིག་དགོན་པ། ཕུད་སྡོད་དགོན་བཀྲ་ཤིས་ལྷུན་པོ། ཨ་སྨོན་དགོན་དགའ་ལྡན་ཆོས་འཁོར་གླིང་། ཨུ་པེ་དགོན་བཀྲ་ཤིས་དར་རྒྱས་གླིང་། སྤང་སྡོང་དགོན་དམ་ཆོས་དར་རྒྱས་གླིང་། ཇོ་ཏོ་རི་ཁྲོད་བཤད་སྒྲུབ་དར་རྒྱས་གླིང་། བོད་ཡུལ་བཀྲ་ཤིས་ཆུ་གདོང་གླིང་། རྒྱ་མཁར་ཐང་དགོན་དགའ་ལྡན་དར་རྒྱས་གླིང་། གོང་སྨད་དགེ་འཕེལ་གླིང་། ཀླུ་བདེ་བའི་བཀྲ་ཤིས་དགོན། ཨུར་རྩ་བཀྲ་ཤིས་ཆུ་དཀར་གླིང་། ཀྭ་ཧ་དགོན་བཀྲ་ཤིས་དགེ་འཕེལ་གླིང་། མདའ་ཧྭ་དགོན་བཀྲ་ཤིས་དགེ་འཕེལ་གླིང་། ཡག་ཧྭ་དགོན་བསམ་གཏན་བཤད་སྒྲུབ་གླིང་།

Advertisements
This entry was posted in དམིགས་བསལ་གསར་འགྱུར།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s