རྗེས་དྲན་མུ་ཏིག་དོ་ཤལ།

བསེ་རོང་འོད་ཟེར།

རབ་མཛེས་ལྷུན་པོའི་གཟི་བྱིན་འཕྲོག་པའི་ཆུ་སྐྱེས་འདབ་སྟོང་གྲོལ་བའི་དབུས།།

རབ་རྒྱས་ལང་ཚོ་མཚན་དཔེ་ལས་བལྟམས་ཚངས་སྲས་ལྷ་མོའི་འཛུམ་རླབས་ལས།།

རབ་སྙན་གསུང་དབྱངས་འགྱུར་ཁུག་སྟོང་ལྡན་དྲི་ཟའི་རྒྱུད་མང་དང་སྦྲགས་བཞིན།།

རབ་མང་སྐྱེས་འགྲོའི་ཐོས་འཛིན་འཕྲོག་ཕྱིར་ཡུན་ཙམ་བདག་མགྲིན་ཁབ་ཏུ་རོལ།།

ཤར་གླིང་དབུས་ན་གངས་རིས་མུ་མཁྱུད་མཚར་དུ་མངར་བའི་བསིལ་ལྗོངས་ཀྱི།།

རྨད་བྱུང་ངོ་མཚར་འབུམ་གྱིས་ཕྱུག་པའི་མདོ་སྨད་ས་ཡི་ལྟེ་བ་རུ།།

ཁྱེད་སྐུ་འཛུམ་མདངས་ཐོག་མར་གྲོལ་བའི་ངོ་མཚར་བསྐལ་བཟང་དང་པོ་དེ།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

ཡབ་རྗེ་བླ་མའི་ལུང་བསྟན་ལས་འཛུམ་སྟག་ཚང་དཔལ་གྱི་གནས་མདུན་དུ།།

ཡབ་རྗེ་བླ་མའི་ཐུགས་སྲས་ལ་འཁྲུངས་པད་དཀར་འཆང་བའི་རྣམ་རོལ་པས།།

ཡབ་རྗེ་བླ་མའི་བསྟན་པ་སྤེལ་སར་གཏན་བདེ་རྒྱལ་མཚན་བཞེས་པའི་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

གཟུར་གནས་རྒྱུད་ཀྱིས་ལེགས་ཟིན་གཤིས་བཟང་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ།།

ལེགས་ཉེས་རྣམ་འབྱེད་བློ་ལྡན་གྲུ་གཟིངས་གཡོ་མེད་མདུན་སྐྱོད་ཐུགས་བསྐྱེད་ལ།།

ངེས་འབྱུང་རླུང་གིས་དོན་གཉེར་བ་དན་གཞུང་ལུགས་རྒྱ་མཚོར་བགྲོད་པའི་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

ཕྲ་ཞིབ་རིགས་པས་འདུལ་སྡེ་ལེགས་གཟིགས་བཅས་མཚམས་ཕྲ་མོ་རེ་རེ་ཡང་།།

ཕྲ་ཞིབ་ཉམས་ལེན་རྒྱུད་སྟེང་ལ་སྦྱར་ལུས་ངག་ཡིད་གསུམ་ཞི་དུལ་གྱིས།།

ཕྲ་ཞིབ་འདུལ་བསྟན་ཕྱག་སྲོལ་བཟང་པོ་མིག་འབྲས་བཞིན་དུ་གཅེས་པའི་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

གངས་རིའི་འོ་མཚོ་རྣག་ཁྲག་འདྲེས་མས་ནོར་འཛིན་བཞིན་རས་ཡོངས་འཕྲོག་ནས།།

གངས་སེང་དཀར་མོས་ཁྱིམ་གཞིས་ཡོངས་བོར་གངས་འདབ་ཞབས་རྗེས་འཐོར་བའི་དུས།།

གངས་རིའི་འདབ་ནས་རང་ཚུགས་མ་ཤོར་མི་མངོན་འདུལ་བསྟན་འཛིན་པའི་ཚུལ།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

སྐྱིད་པའི་ཉི་མ་ཅུང་ཟད་འཆར་ཞེས་ལུང་བསྟན་བུམ་བཟང་ལས་འཐོར་བའི།།

བསླུ་མེད་བཀའ་ཡིག་སྟ་གོན་ཉི་མ་ཤར་རིའི་མུན་ནག་སྤྲིན་གསེང་ནས།།

འཛུམ་ཙམ་ཉིད་ལ་ཆོས་ཀྱི་རྒྱལ་མཚན་མུ་མེད་མཁའ་ལ་བསྒྲེངས་པའི་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

དད་སེམས་གཙང་མའི་མེ་ཏོག་འཐོར་ས་འཕགས་ཡུལ་ཆོས་ཀྱི་ཞིང་ས་ནས།།

མདོ་རོང་ཡུལ་གྱི་རྒྱལ་བསྟན་སྤེལ་ལ་ཐུགས་བསྐྱེད་བུམ་བཟང་ལས་སྤྲུལ་པ།།

ཁོང་གི་བཀའ་གསུང་ཕེབས་ཙམ་ཉིད་ལ་ཆོས་ཀྱི་ཁྲི་ལ་བཞུགས་པའི་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

རྒྱལ་བསྟན་ཉི་འོད་གླིང་འདིར་འཕྲོ་བ་ལུང་རྟོགས་གཉིས་ལ་རག་ལས་པས།།

ཐུགས་སྐྱེད་དམ་བཅའ་གཡོ་མེད་ངང་ནས་བཤད་སྒྲུབ་ཟུང་གི་འཆད་ཉན་ལ།།

དག་ཐེར་སྲོལ་བཟང་སྐུ་ངལ་འཛེམས་མེད་ཕྱག་བཞེས་ཐུགས་སྟོབས་ཡོངས་བསྐྱེད་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

རྟག་འཛིན་གདུལ་བྱ་འཆིང་བ་ལས་གྲོལ་ཡང་དག་ལམ་བཟང་བསྟན་ཕྱིར་ཏུ།།

མི་མངོན་ཞིང་གཞན་གཤེགས་པའི་དུས་སུ་ཆོས་གྲོགས་སྦྱིན་པའི་མཚན་ཅན་སོགས།།

ཞལ་གདམས་ཚུལ་གྱིས་བླ་མཆོད་དྲང་ངེས་ལམ་རིམ་བཀའ་གནད་གསལ་འདེབས་དུས།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

ཁ་བའི་འདབ་མ་ཕྱོགས་བཞིར་འཕུར་བཞིན་ངེས་མེད་ལས་དབང་འཁྱམ་པོ་ལ།།

ཁ་བའི་རང་མདངས་ལྷག་བསམ་དཀར་པོའི་བློ་མིག་ཅུང་ཙམ་རྒྱས་པ་ཡང་།།

ཁ་བའི་འདབ་ནས་བཤེས་གཉེན་དམ་པའི་མཛད་བཟང་མིག་གིས་མཇལ་བའི་དྲིན།།

དྲན་པའི་མཚོ་མོ་མཁའ་རུ་འཕྱོ་ཞིང་མུ་ཏིག་དོ་ཤལ་ཁྱེད་ལ་སྒྲོན།།

ཞེས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་མོ། ༧སྐྱབས་མཆོག་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ། མ་དང་མཁའ་འགྲོ་འདུས་པའི་གནས་མཆོག་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་རབས་གྱ་ལྔ་པ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་༧རྗེ་བཙུན་བློ་བཟང་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ཧྲིལ་བོ་བཅུ་འཁོར་བའི་རྗེས་དྲན་མཆོད་སྤྲིན་དད་པའི་རོལ་མཚོ་ཞེས་པའི་ཆ་ཤས་སུ་དམ་པ་ཁོང་གི་སློབ་བུའི་གྲལ་མཐར་སྙེགས་པའི་སྐལ་བཟང་ཐོབ་ཙམ་བྱུང་བ་བསེ་རོང་འོད་ཟེར་ནས་ཕྱི་ལོ་ ༢༠༡༠  ཟླ་ ༨ ཚེས་ ༡༥ ལ་གུས་པས་ཕུལ།

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s