ཁ་གསལ་མེད་པའི་འབྲུག་ཆུའི་གནོད་འཚེའི་གནས་སྟངས།

བསེ་རོང་འོད་ཟེར།

མདོ་སྨད་ཐེ་བོ་སྨད་རྒྱུད་འབྲུག་ཆུ་རྫོང་ཁོངས་སུ་རི་རྙིལ་དང་ཆུ་ལོག་འདྲེས་མས་གནོད་འཚེ་བྱུང་ནས་ཉིན་ལྔ་གསུམ་འགོར་ཡང་ད་དུང་འབྲུག་ཆུའི་གནོད་འཚེ་སྤྱིའི་གནས་སྟངས་ཁ་གསལ་ཞིག་འགྲེལ་བརྗོད་ཅིག་རྒྱལ་སྤྱིའི་སྟེང་སུ་གང་གིས་ཁ་གསལ་ཞིག་གླེང་ཐུབ་མེད་པ་དེ་ཡང་རྒྱ་གཞུང་གིས་དམ་དྲག་ཆེས་ཆེར་བྱས་པའི་དབང་གིས་ཡིན་སྲིད།

ད་རེབ་གནོད་འཚེ་འོག་འདས་གྲོངས་སུ་སོང་བའི་ཁ་གྲངས་དེ་གསང་བ་ཆེན་པོ་བྱས་ཡོད་པ་མ་ཟད་ལྷག་དོན་བོད་རིགས་ག་ཚད་གྲོངས་ཡོད་མེད་ཀྱི་ཁ་གྲངས་དེ་བས་ཀྱང་གསང་བ་ཞིག་ཏུ་གྱུར་ཡོད།

ང་ཚོས་ཅུང་ཙམ་ཤེས་ཐུབ་པ་ཞིག་ནི་འབྲུག་ཆུ་རྫོང་གི་དཔལ་འབྱོར་ལས་ཁང་ནས་འདས་པོ་མི་གཅིག་ལ་འདས་མཆོད་བྱ་ཆེད་དུ་རྒྱ་སྒོར་བདུན་སྟོང་རེ་སྤྲད་རྒྱུ་བྱས་སྐབས་དཔལ་འབྱོར་ལས་ཁང་དུ་ཐོ་འགོད་བྱས་པའི་འདས་པོ་ཁ་གྲངས་བདུན་སྟོང་ལྔ་བརྒྱར་སླེབས་འདུག

ད་རེབ་ཀྱི་གནོད་འཚེ་འོག་བོད་རིགས་འདས་གྲོངས་སུ་སོང་པ་མང་ཆེ་བ་ལས་བྱེད་པ། ཚོང་ཁང་དང་། མགྲོན་ཁང་། ལས་གླ་ཆུང་ཚགས་གཉེར་མཁན་ཚོ་ཡིན་འདུག

བོད་རིགས་ལས་བྱེད་ག་ཚད་འདས་གྲོངས་སོང་བ་གསལ་པོ་མི་ཤེས་མོད། འབྲུག་ཆུ་རྫོང་གི་དངུལ་ཁང་དང་། ནགས་ལས་ཁང་། སྤྱི་བདེ་ཅུས་བཅས་ཀྱི་ཁང་བ་གནོད་འཚེ་འོག་ཐེབས་པས་དངུལ་ཁང་གི་འགོ་གཙོ་གཞོན་པ་བོད་རིགས་ཤིག་དང་སྤྱི་བདེ་ཅུས་ཀྱི་བོད་རིགས་འགའ་ཤས་ཚེ་སྲོགས་ཤོར་འདུག

སྤྱིར་བཏང་འབྲུག་ཆུ་རྫོང་གི་ལས་བྱེད་པ་བརྒྱ་བདུན་ཅུ་རྒལ་བ་བོད་རིགས་ཡིན་འདུག

ད་རེབ་ཀྱི་འདས་གྲོངས་སོང་བའི་ཁ་གྲངས་གཅིག་ཁྲི་ལྷག་དང་དེའི་ནང་ནས་བརྒྱ་ཆ་ཉི་ཤུ་བོད་རིགས་ཡིན་པའི་ཚོད་དཔག་ས་གནས་མི་མང་ནས་བྱ་བཞིན་ཡོད་འདུག

ད་ལྟའི་ཆར་གནོད་འཚེ་ཐེབས་པའི་ས་ཁུལ་དུ་ཉིན་མ་གཅིག་ལ་མི་རེ་འབྲས་ཀེ་ལོ་གཅིག་དང་། ཕྱེ་ཀེ་ལོ་གཅིག་བཅས་སྤྲད་རྒྱུ་བྱས་འདུག་ཀྱང་རོགས་སྐྱོར་མི་མང་ཆ་ཚང་ལ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་སྟངས་འོག་ཡོད་འདུག

This entry was posted in དམིགས་བསལ་གསར་འགྱུར།. Bookmark the permalink.

མཆན་འདེབས།