རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་དང་སིམ་ལའི་ཆིངས་ཡིག་སྐོར་ཅུང་ཟད་གླེང་བ།

  • བསེ་རོང་འོད་ཟེར།
  • ༅༅། རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་དང་སིམ་ལའི་ཆིངས་ཡིག་སྐོར་ཅུང་ཟད་གླེང་བ།
  • ཐོག་མའི་གླེང་གཞི།
  • སྤྱིར་གླེང་བར་བྱ་བའི་ལོ་རྒྱུས་ཀྱི་ཐ་སྙད་ལ་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་འབོད་སྟངས་མ་འདྲ་བ་རེ་ཡོད་པ་བཞིན།  འདིར་འུ་ཅག་ཁ་བ་གངས་ཅན་པའི་བརྡ་ལ་གྲགས་པའི་ལོ་རྒྱུས་ཀྱི་ཐ་སྙད་གྲུབ་ལུགས་ལ་སྔོན་བྱོན་མཁས་དབང་དག་གི་ཞལ་རྒྱུན་དུ།   རྒྱལ་བློན་སོགས་ཀྱི་རླབས་ཆེ་པའི་མཛད་རྗེས་དང་བྱས་ཉེས་གང་མཆིས་རྣམས་གནད་བསྡུས་ཀྱིས་རྟགས་སམ་རི་མོའི་ལམ་ནས་བཀོད་པའི་ཁྲམ་ཡིག་རིམ་གསོག་བཞིན་བསྟར་ལ་བརྒྱུས་ཏེ།    ཉར་ཚགས་བྱས་པ་སོགས་ལས་གྲུབ་པའི་ལོ་རིམ་འདས་ཀྱི་བྱུང་བ་བརྗོད་བྱ་གཙོ་བོར་བྱས་པ་ཤིག་ལ་ལོ་རྒྱུས་ཞེས་ཡོངས་སུ་གྲགས།    དེ་ལྟ་བུའི་ལོ་རྒྱུས་ལ་ང་ཚོས་སློབ་སྦྱོང་བྱེད་པའི་དགོས་དོན་ཡང་སྙིང་ལོ་རྒྱུས་ཀྱི་ཉམས་མྱོང་ལེན་ཕྱིར་དང་།      ལོ་རྒྱུས་ལ་ཞིབ་མཇུག་བྱེད་པ་ལོ་རྒྱུས་ཀྱི་བསླབ་བྱ་དང་བདེན་དཔང་འཚོལ་སྙེག་ཆེད་ཡིན་པ་ལས་འདས་དོན་ཁོ་ན་རྟོགས་ཕྱིར་ག་ལ་ཡིན།   འདས་པའི་ལོ་རྒྱུས་ལ་ཞིབ་མཇུག་བྱེད་པའང་ང་ཚོའི་ཡབ་མེས་ཚོས་མི་ཚེའི་འཚོ་བ་སྐྱེལ་སྟངས་དང་།    ཉམས་མྱོང་སྟོབས་ཤུགས་སམ་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་རྕལ་ལས་ལས་མཛད་རྗེས་གང་དང་གང་བཞག་ཡོད་མེད་སོགས་རྟོགས་པར་བྱེད་པ་ཡིན་ན་ཡང་།   གཙོ་བོ་ཆགས་འཇིག་གནས་སུ་སླེབས་པའི་ད་ལྟའི་བོད་མི་རིགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བ་ཆེས་ཆེར་ལྡན་པར་མ་ཟད།   མ་འོངས་བོད་མི་རིགས་ཀྱི་སོན་རྩར་གྱུར་བའི་ད་ལྟའི་གཞོན་སྐྱེས་དང་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ཀྱི་ཚེ་སྲོག་ལའང་འབྲེལ་བ་དམ་ཟབ་བཅངས་ཡོད།   དེར་བརྟེན་ཉེ་བའི་དུས་རབས་བཅུ་དགུ་པའི་དུས་མཇུག་དང་དུས་རབས་ཉི་ཤུ་པའི་དུས་མགོར་བོད་གངས་ཅན་གྱི་ལྗོངས་འདི་ཡོབ་རོབ་དང་།  ཨེ་ཤེ་ཡ་གླིང་གི་གོང་མའི་རྒྱལ་ཁབ་ཆེན་པོ་དབྱིན་ཇི་དང་། ཨི་རུ་སུ།  མན་ཇུ་གསུམ་བར་འཕྲོག་རེས་བྱེད་ཡུལ་དུ་གྱུར་པའི་དུས་སྐབས་གཉན་འཕྲང་ཅན་གྱི་གནས་སྟངས་འོག་དཔའ་མཛངས་བརྟུལ་ཕོད་ལྡན་པའི་བོད་མི་རིགས་ཀྱི་ཡབ་མེས་ཚོས་བཙན་རྒྱལ་དེ་དག་གི་ཤུགས་རྐྱེན་བོད་ནང་སླེབས་པར་ངོ་རྒོལ་གནད་དུ་འཁེལ་བ་གནང་ཡོད་པར་མ་ཟད།   བོད་རྒྱལ་ཁབ་ཀྱི་ཐོབ་ཐང་གསལ་པོར་ངོས་འཛིན་གྱིས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་སིམ་ལར་སྐོང་འཚོགས་གནང་བ་དང་།  རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་ཁྱད་དབང་ཐོག་ནས་སིམ་ལའི་ཆིངས་ཡིག་ཐད་ཀར་བཞག་པ་སོགས་ཀྱི་སྐོར་དོན་ཚན་གསུམ་གྱི་སྒོ་ནས་གསལ་བཤད་བྱེད་འདོད་བྱུང་།
  • དང་པོ།       སིམ་ལའི་ཆིངས་ཡིག་འཇོག་དགོས་པའི་རྒྱུ་རྐྱེན།
  • དེང་སྐབས་བོད་རིག་པ་སྒོ་གང་ས་ནས་འཛམ་གླིང་ཤར་ནུབ་ཡོངས་ལ་ཁྱབ་བཞིན་པའི་གནས་སྟངས་བཟང་བོའི་འོག་བོད་ཀྱི་ལོ་རྒྱུས་རིག་པ་ལ་ཞིབ་འཇུག་བྱེད་མཁན་དབྱར་མཚོ་བཞིན་འཕེལ་བའི་སྐབས་འདིར།  ལོ་རྒྱུས་སྟེང་གི་བོད་ཀྱི་བདག་དབང་སྐོར་ལ་གླེང་གཞི་ཆེན་པོར་ཆགས་པ་དང་སྟབས་བསྟུན་ཏེ་རྒྱ་རིགས་ཆེན་པོའི་བསམ་བློའི་ལྟ་བའི་གཡོ་བྱུས་འོག་ཚུད་པ་འགའ་ཤས་ཀྱིས་བོད་རང་བཙན་གྱི་གླེང་གཞི་ནི།     དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་གསར་གཏོད་བྱས་པ་ཡིན་ལ་ད་དུང་བྱེད་མུས་ཡིན་པ་དང་།   ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཉིད་ཀྱིས་བོད་རང་བཙན་མཐའ་གཅིག་ཏུ་དགོས་པའི་འདོད་ཚུལ་འཛིན་གནང་མེད་པའི་སྐབས་སུ་དབྱིན་ཇིས་བོད་རང་བཙན་དགོས་པའི་འདོད་ཚུལ་མཐའ་གཅིག་ཏུ་འཛིན་པ་ར་སྤྲོད་ཡང་ཡང་བྱུང་བ་དང་།   ཡང་རྦད་དེ་དབྱིན་ཇིའི་སྟོབས་ཤུགས་ཁོངས་སུ་འདུ་བར་བྱེད་དགོས་པ་ཡིན་པ་བཅས་གོང་གསལ་ནི་མི་རིང་བར་སིམ་ལའི་གྲོས་ཚོགས་འཚོག་རྒྱུའི་འབྱུང་གཞི་ཡིན་ཞེས་གླེང་ཡང་།     རང་རྒྱལ་གཞན་ཕམ་གྱི་ལམ་ནས་རྒྱ་སྐྱེད་རང་ལུགས་གཙིགས་འཛིན་བྱེད་པའི་དབྱིན་གཞུང་ལ་དྲང་བདེན་གྱི་སྲིད་བྱུས་འདི་འདྲ་ཞིག་ལག་བསྟར་བྱེད་ག་ལ་ཕོད།   སྐབས་དེར་དབྱིན་ཇིས་བོད་ལ་གསལ་ཁ་མེད་པའི་སྲིད་བྱུས་བཟུང་ནས་བོད་འདི་འཛམ་གླིང་ཕྱི་རོལ་ལྟ་བུའི་གནས་སྟངས་འོག་ཉེ་འབྲེལ་རྒྱལ་ཁབ་གང་ལའང་འབྲེལ་མེད་ཁེར་རྐྱང་དུ་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་བརྟན་པོ་བཟོ་ཕྱིར་རྒྱལ་གསུམ་གྱི་བར་གནས་རྭ་བ་ལྟ་བུར་བཞག་པ་མ་གཏོགས།   བོད་འདི་རང་བཙན་གྱི་ངོ་བོའི་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་གྱིས་དེང་རབས་འཁྲུག་ཆ་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་རང་ཉིད་ཀྱི་ཁེ་བཟང་སྲུང་སྐྱོབ་ཆེད་ཞུགས་རྒྱུར།   དབྱིན་གཞུང་ལ་འདོད་བློ་མེད་པ་ཨུ་རུ་སུ་དང་རྒྱ་ནག་གཉིས་ལ་ཐད་ཀར་ཆིངས་ཡིག་བཞག་པ་སོགས་ལས་གསལ་པོར་རྟོགས་ཐུབ།   ཨུ་རུ་སུའི་ཤུགས་རྐྱེན་བོད་ནང་སླེབས་པར་དོགས་ཟོན་གྱིས་དབྱིན་ཇིའི་དཔུང་དམག་བཙན་འཛུལ་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ལ་ཉེ་སྐབས། ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ཧྲག་བསྡུས་དང་སྐུ་སྲུང་དམག་མི་འགའ་ཤས་བཅས་ཤིང་འབྲུག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཕྱི་ལོ་༡༩༠༤ཟླ་བ་༧ཚེས་༣༠ཉིན་གྱི་སྔ་དྲོའི་ཆུ་ཚོད་གསུམཔའི་ཐོག་རྩེ་ཕོ་བྲང་ནས་ཆིབས་ཞལ་བསྒྱུར་ཏེ་སོག་ཡུལ་ནང་སྐུའི་ཉེན་བྱོལ་དུ་ཕེབས་འབྱོར་གྱིས་སོག་པོའི་ནང་གི་གནས་ཚུལ་འགྱུར་འགྲོས་གཟིགས་ཞིབ་དང་།   ལྷག་དོན་མན་ཇུ་གོང་མ་ཡུམ་སྲས་ཀྱིས་པེ་ཅིང་དུ་གདན་ཞུ་མི་སྣ་ཆེད་གཏོང་རིམ་འབྱོར་གྱིས་པེ་ཅིང་དུ་ཕེབས་ཏེ་མན་ཇུ་གོང་མ་ཡུམ་སྲས་དང་མཇལ་འཕྲད་ཀྱིས་ཁམས་ཕྱོགས་སུ་རྒྱ་དམག་གིས་བཙན་འཛུལ་མཚམས་འཇོག་དང་།   བོད་རྒྱ་གཉིས་ཀྱི་མཆོད་ཡོན་གྱི་འབྲེལ་གོང་མཐོར་གཏོང་ནས་རང་ས་རང་སྐྱོང་དང་།   ཕྱོགས་གཉིས་ཀའི་ས་མཚམས་སྔོན་བཞིན་གནས་དགོས་སྐོར་སོགས་ཐུགས་མོལ་རྒྱས་པར་བྱས་ཀྱང་།   མན་ཇུ་སྲིད་གཞུང་ཡུན་རིང་གནས་མི་ཐུབ་པ་ཐུགས་ལ་འཁྲུངས་ཤིང་།    ལྷག་དོན་རྒྱ་ནག་མི་རིགས་ཆེན་པོའི་བསམ་བློའི་ཞེན་འཛིན་གྱི་གནས་སྟངས་འོག་བོད་ཀྱི་ཤར་མཐར་བཙན་འཛུལ་གྱི་གནད་དོན་དང་།    རྒྱ་གར་དབྱིན་གཞུང་དོགས་འདྲོགས་དང་འབྲེལ་དཔུང་དམག་སྟོད་ཕྱོགས་ནས་བོད་སར་བཙན་འཛུལ་བྱས་པའི་ཉེན་ཁ་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་མཆོག་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་ཁམས་སུ་བཞུགས་མ་བཟོད་པར་ས་མཐར་ཆིབས་བསྒྱུར་གྱིས་རེ་ཞིག་གཞན་ཡུལ་དུ་བཞུགས་དགོས་བྱུང་བ་སོགས་ཀྱིས་སྐུ་ངལ་བརྒྱ་ཕྲག་འཛེམས་མེད་ཉམས་སུ་བཞེས་དགོས་བྱུང་བའི་རྒྱུ་རྐྱེན་མཐར་གཏུགས་ན།   བོད་འདི་རང་བཙན་གྱི་ངོ་བོར་གནས་ཀྱང་ཕྱི་འབྲེལ་དང་དེང་རབས་ཚན་རྩལ་སོགས་ཀྱི་ཐད་རྗེས་ལུས་ཐེབས་པའི་རྐྱེན་གྱིས་བོད་རང་བཙན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངོས་འཛིན་གསལ་པོར་བཟོ་མ་ཐུབ་པའི་གནད་དོན་ལ་ཐུག་པར་ཐུགས་ལ་དགོངས་ཤིང་།   པེ་ཅིང་དུ་ཞུགས་རིང་ཨ་མི་རི་ཀིའི་གཞུང་ཚབ་དང་།  དབྱིན་ཇི།  ཨུ་རུ་སུ།  ཉི་ཧོང་།   ཧྥ་རན་སི།  འཇར་མན་བཅས་ཀྱི་གཞུང་ཚབ་སོ་སོར་སྐུ་དངོས་སུ་ཕེབས་ཏེ་རྒྱལ་ཁབ་དེ་དག་དང་འབྲེལ་ལམ་ཆེད་བཙུགས་ཀྱིས་བོད་རང་བཙན་གྱི་གནས་བབས་གསལ་བཤད་དང་སྦྲགས།   བོད་འདི་དེང་རབས་ཚན་རྩལ་གྱི་ལམ་ནས་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཐབས་ཕྱོགས་ལ་རོགས་རམ་གནང་དགོས་སྐོར་སོགས་འབོད་བསྐུལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་ཁུར་རྒྱ་ཆེར་བཞེས་གནང་མཛད་པ་མ་གཏོགས།  ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙནམཐའ་གཅིག་ཏུ་དགོས་པའི་དགོངས་ཚུལ་འཛིན་གནང་མེད་ཟེར་བ་དང་།   དབྱིན་ཇིས་ངན་བསྐུལ་བྱས་པ་སོགས་ལས་བོད་རང་བཙན་གྱི་གླེང་གཞི་བྱུང་བར་བརྗོད་པ་ནི་གཞི་མེད་གང་བྱུང་སྨྲས་པ་ལས་མ་འདས།  ལྷག་པར་དབྱིན་ཇིས་འབྲུག་དང་འབྲས་ལྗོངས་བརྒྱུད་ནས་བོད་ནང་འགྲོ་ལམ་ཞིག་འཚོལ་བཞིན་པའི་གནས་ཚུལ་བྱུང་འཕྲལ།   མན་ཇུས་དབྱིན་ཇིའི་ཤུགས་རྐྱེན་བོད་ནང་ཐེབས་ན་རང་ཉིད་ཉེན་ཁའི་གནས་སུ་ལྷུང་བར་དོགས་ནས་བོད་པའི་སྤྱི་ཚོགས་ནང་དབྱིན་ཇིས་ཆོས་ཁས་མི་ལེན་པས་དབྱིན་ཇི་དང་འགྲེལ་བ་བྱས་ན་ཆོས་ལུགས་ནུབ་ངེས་སོགས་ཀྱི་ངན་བསྐུལ་བརྒྱུད་བསྒྲགས་བྱས་པའི་རྐྱེན་གྱིས།  བོད་མི་ཚོས་དབྱིན་ཇི་བསྟན་པ་ནུབ་མཁན་གྱི་ཀླ་ཀློར་ངོས་འཛིན་དང་སྦྲགས་དབྱིན་ཇིར་འབྲེལ་ལམ་བྱ་མི་དགོས་པ་གཙོ་འདོན་གྱིས་བོད་ནང་ཡོང་བར་དམ་དྲག་དང་།  དབྱིན་ཇིའི་ཅ་དངོས་དང་གོམས་གཤིས་གང་མཆིས་ལ་དོགས་འདྲོགས་ཀྱིས་དབྱིན་ཇི་བོད་བསྟན་སྲིད་ཀྱི་དགྲ་བོར་འཛིན་པའི་དུས་སྐབས་ཤིག་ལ་ཁེལ་བས་གཞི་རྩ་གང་ཡང་མེད་པ་གསལ་པོར་རྟོགས་ཐུབ།   ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་བོད་འདི་དེང་རབས་ཀྱི་སྤྱི་ཚོགས་གསར་པར་ཕྱོགས་པའི་དུས་རིམ་ནང་དངོས་ཞུགས་ཀྱིས་དཀའ་རྙོག་ཅན་གྱི་གནས་སྟངས་ཛ་དྲག་གང་མཆིས་ལ་འཇིགས་ཞུམ་མེད་པར་གདོང་ལེན་མཐའ་གཅིག་ཏུ་བྱས་ཤིང་།   ལྷག་དོན་བོད་འདི་དུས་རབས་ཉི་ཤུ་བའི་སྤྱི་ཚོགས་ནང་རང་བཙན་གྱི་ངོ་བོར་གནས་ཡོད་པ་གསལ་བཤད་མཛད་པ་མ་ཟད།   རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཤི་ཁས་ཆེ་བསྟོད་ཀྱི་མཚན་གནས་ཕུལ་བའང་ཞལ་བཞེས་མ་གནང་བ་དང་།   བོད་ལྗོངས་ཡོངས་ལ་བླང་དོར་བྱེད་སྒོ་སྦུག་དམ་རྩ་ཚིག་ཡོངས་གྲགས་སུ་ཆུ་གླང་རྩ་ཚིག་ཅེས་པ་ཕྱི་ལོ་ ༡༩༡༣ ཟླ་བ་ ༡ ཚེས་ ༨ ཉིན་བསྩལ་བ་འདི་གཉིས་ཀྱིས་བོད་རང་བཙན་གཙང་མའི་ངོ་བོ་རྒྱལ་སྤྱིའི་རང་བཞིན་གཞུང་ཕྱོགས་ནས་དྲིལ་བསྒྲགས་གནང་བར་ངོས་འཛིན་གྱིས་གདེང་འཇོག་ཐོབ་ཡོད།    གོང་གསལ་སྦུག་དམ་རྩ་ཚིག་དོན་ཚན་བཞི་པའི་ནང་།   བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་དང་མི་ལྡན་རུང་།  ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཡིན་སྟབས།  དེང་དུས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱེད་ཀྱིས་རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེ་གནང་མུས་ཡིན་ན།  འཕྲལ་སྒང་དམག་འཁྲི་དང་།  ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཚེགས་ཕྲན་བུ་ཡོང་བ་གཞིར་བཅས་གཤིས།  རྒྱ་ནག་ནས་མ་དག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་གཞིག་གིས་ཚང་མས་མ་བསྐུལ་དང་བླངས་ཐོག་རང་ས་རང་སྐྱོང་དང་།  རང་སྡེ་རང་སྲུང་བྱེད་རྒྱུའི་ཐབས་ཚུལ་ལ་ཚང་མས་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་ཞེས་སོགས་ཀྱིས་སྐབས་དེའི་བོད་རང་དབང་རང་བཙན་གྱི་གནས་སྟངས་གསལ་སྟོན་དང་།  མ་འོངས་སྔོན་གཟིགས་ཀྱིས་ཞལ་གདམས་རིན་ཐང་གཞལ་ཐབས་བྲལ་བ་ནན་ཏན་བསྩལ་གནང་མཛད་ཡོད།   དབྱིན་དམག་བོད་ནང་བཙན་འཛུལ་ཐེངས་གཉིས་བྱས་སྐབས་དབྱིན་ཇིའི་སྟོབས་ཤུགས་ཁུངས་སུ་འདུ་བའི་ཆེད་ཁོ་ན་ཡོང་བ་མིན།  གཙོ་བོ་དེ་དུས་ཉི་ཧོང་མི་རིགས་ཀ་བ་ཀུ་ཅི་ཞེས་པ་ཞིག་སེ་ར་དགོན་པའི་ནང་སློབ་སྦྱོང་ཚུལ་གྱིས་གསང་བའི་སོ་མྱུལ་བྱས་ཏེ།  དབྱིན་གཞུལ་ལ་ཨུ་རུ་སུས་བོད་ནང་དྲག་པོའི་རོགས་རམ་གོ་མཚོན་མེ་མདའ་དང་མདེལ་འུ་ཆུང་ཚགས་མང་བོ་འབྱོར་བཞིན་པ་མ་ཟད།  །གདན་ས་གསུམ་ནང་སོག་པོའི་གྲྭ་བ་གཉིས་བརྒྱ་ལྷག་ཡོད་པའི་གནས་ཚུལ་དངོས་དོན་དང་མི་མཐུན་པའི་འཁྱོག་བཤད་བྱས་པ་ལ་དབྱིན་གཞུང་ཡིད་ཆེས་བྱས།  བོད་དང་ཨུ་རུ་སུའི་འབྲེལ་ལམ་དང་།  ཨུ་རུ་སུའི་སྟོབས་ཤུགས་བོད་སར་སླེབ་བཞིན་པ་འགོག་ཐབས་ཁོ་ན་ལས་རང་གི་མངའ་ཁོངས་སུ་འདུ་འདོད་མེད།  དབྱིན་གཞུང་གིས་བོད་འདི་གཞན་དང་འབྲེལ་མེད་ཁེར་རྐྱང་དུ་འཇོག་པའི་དམིགས་འདུན་གཙོ་བོ་ས་གཤིས་ཕུན་སུམ་ཚོགས་པའི་རྒྱ་གར་ནི།   དབྱིན་ཇིའི་རྒྱལ་མོའི་ཞྭ་མོའི་ཏོག་གི་ནོར་བུ་རྩ་ཆེ་ཤོས་སུ་བརྩི་བའི་འབྲུ་རིགས་ཐོན་ཁུངས་ཕྱུག་ཤོས་དེ་མཐོང་ཆེན་དང་གཅེས་སྐྱོང་ཆེད་བོད་འདི་རྒྱ་གར་མཐའ་མཚམས་ཁག་ལ་འཇིགས་སྣང་མི་ཡོང་བའི་བར་གནས་ལྕགས་རི་ལྟ་བུར་ངོས་འཛིན་གསལ་པོར་ཐོབ་ཡོད།  གལ་སྲིད་བོད་བཙན་བཟུང་བྱས་པའི་དབང་དུ་བཏང་ཡང་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་རང་ཉིད་ཀྱི་མཐའ་མཚམས་བདེ་འཇགས་དང་བརྟན་ལྷིང་ཆེད་དམག་འཁྲུག་སློང་ངེས་པས།  སྐབས་དེར་དབྱིན་ཇིས་རྒྱ་གར་དབང་བསྒྱུར་གྱི་བརྟན་གནས་ལ་ཉེན་ཁ་ཆེ་རུ་འགྲོ་བ་མཐོང་བཞིན་དུ་འདོད་རྔམ་ཅན་གྱི་སྲིད་བྱུས་རང་སྣང་བཞིན་ལག་བསྟར་བྱེད་ག་ལ་ཕོད།  སུམ་ལའི་ཆིངས་ཡིག་གི་འབྱུང་རྐྱེན་དངོས་ནི་དུས་རབས་བཅུ་དགུ་བའི་དུས་མཇུག་དང་དུས་རབས་ཉི་ཤུ་བའི་དུས་འགོར་བོད་འདི་འདོད་པར་མེད་ཀྱང་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་གསུམ་གྱིས་སོ་སོའི་མཐའ་མཚམས་བདེ་འཇགས་ལ་འཇིགས་སྣང་དང་།   ཕན་ཚུན་བར་གཞི་མེད་དོགས་དྲོགས་སོགས་ཀྱི་གནས་སྟངས་འོག་བོད་འདི་སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་བར་འཕྲོག་རེས་བྱེད་ཡུལ་དུ་གྱུར་པའི་གོ་སྐབས་དམ་འཛིན་གྱིས།  རྒྱ་ཕྱོགས་ནས་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་བེད་སྤྱད་དེ་བོད་ཀྱི་སྲིད་དབང་འཕྲོག་ལ་རྔམ་པའི་སྲིད་བྱུས་ལག་བསྟར་དངོས་སུ་བྱས་ཏེ།  མན་ཇུ་སྲིད་གཞུང་གིས་ཀྲའོ་ཨེར་ཧྥེང་བོད་སྡོད་ཨམ་བན་དང་།  སི་ཁྲོན་དང་ཡུན་ནན་གྱི་མཐའ་སྲུང་བློན་ཆེན་གཅིག་ལྕོགས་སུ་བསྐོ་བཞག་ཆེད་བཏང་བྱས་ནས་ཁམས་ཕྱོགས་སུ་དགོན་སྡེ་མང་བོ་གཏོར་ཤིག་དང་།  མི་མང་ལ་བསམ་ཡུལ་ལས་འདས་པའི་དམར་གསོད་དང་འཕྲོག་བཅོམ་བཙན་གཡེམ་བྱས་པ་སོགས་ཀྱིས་ཀྲའོ་ཨེར་ཧྤེང་མི་གསོད་ལག་དམར་ཆེན་པོ་ཞེས་ཡོངས་སུ་གྲགས།  ད་དུང་སི་ཁྲོན་གྱི་དམག་མི་ཉིས་སྟོང་ལྷག་ཐད་ཀར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཙན་འཛུལ་གྱིས་བོད་མི་སྐྱ་སེར་མང་པོ་དམར་གསོད་དང་རྒྱུ་དངོས་གང་འདོད་ལྟར་འཕྲོག་བཅོམ་བྱས་པ་སོགས་བཙན་གནོན་གྱི་བྱ་སྤྱོད་བསམ་ཡུལ་ལས་འདས་པ་རྣམས་མཐར་སྐྲོད་གཏོང་ཕྱིར་བོད་གཞུང་མང་མ་གྲོས་བསམ་པ་གཅིག་མཐུན་གྱིས་ངོ་རྒོལ་བྱེད་བཞིན་པའི་སྐབས་དེར།  ལས་ངན་འབྲས་བུ་དུས་སུ་སྨིན་ནས་མན་ཇུའི་སྲིད་གཞུང་གི་གོང་བློན་བར་སྲིད་དབང་འཐབ་རྩོད་བྱུང་བའི་ཉེར་ལེན་གྱིས་མན་ཇུའི་སྲིད་གཞུང་རྩ་ཐོར་དུ་སོང་ཞིང་།  རྒྱ་ནག་མི་སེར་རྒྱལ་ཁབ་གསར་བཙུགས་དང་བསྟུན་ལྷ་སའི་ནང་གི་རྒྱ་དམག་རྣམས་ཚོ་ཁག་བགོས་ཏེ་རིམ་པ་བཞིན་རྒྱ་གར་བརྒྱུད་ཕྱིར་ཕུད་བཏང་བ་དང་།  ཁམས་ཕྱོགས་སུ་རྒྱ་དམག་གིས་བོད་ས་བཙན་བཟུང་བྱས་པ་རྣམས་ཕྱིར་ལེན་ཕྱིར་དམག་འཁྲུག་ཡང་ཡང་བྱས་པས་བོད་དམག་ལ་རྒྱལ་ཁ་དང་སྟོབས་ཤུགས་ཉིན་རེ་བཞིན་རྒྱས་སྟབས།  རྒྱ་ཕྱོགས་ནས་ཞི་མོལ་མི་གནང་ཐབས་མེད་ཆགས་པ་སོགས་ཀྱིས་སིམ་ལའི་ཆིངས་ཡིག་འཇོག་དགོས་བྱུང་བ་སྐབས་དེའི་མི་སྣས་བྲིས་པའི་ལོ་རྒྱུས་དངོས་དང་གཞུང་གི་བསྒྲགས་གཏམ་སོགས་ལས་རྟོགས་ངེས།
  • གཉིས་པ།              སིམ་ལའི་ཆིངས་ཡིག་འཇོག་སྟངས་ཀྱི་རིམ་པ།
  • སྤྱིར་ཆིངས་ཡིག་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་རང་དབང་ལྡན་པའི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་ཀྱི་ཐད་ཕྱོགསགཉིས་ཀས་གྲོས་མོལ་བྱས་པའི་དོན་གནད་གང་ཡོད་མདོ་དྲིལ་བའི་སྡོམ་ཚིག་ནང་འོས་འགན་དང་དབང་ཆ་གཏན་འབེབས་བྱས་པ་ཕྱོགས་གཉིས་ཀས་བརྩི་སྲུང་བྱེད་དགོས་པ་ཞིག་ལ་གོ་ཞིང་།  རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཕྱིན་ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་ལའང་ཐད་ཀར་ཆིངས་ཡིག་བཞག་ཆོག་པ་ཡུལ་ལུང་དེའི་རང་དབང་ལྡན་པའི་ཁྱད་ཆོས་ཤིག་ལ་ངོས་འཛིན་གནང་སྲོལ་མཆིས་པ་བཞིན།  བོད་མིས་གོང་གསལ་ཁྱད་ཆོས་དེ་དག་ཚང་བའི་སྒོ་ནས་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་ཆིངས་ཡིག་རིམ་པ་མང་པོ་བཞག་པ་ལས་སིམ་ལའི་ཆིངས་ཡིག་ནི།  ཕྱི་ལོ་ ༡༩༡༣ ལོར་བོད་ཀྱི་ཤར་ཕྱོགས་སུ་བོད་རྒྱ་གཉིས་དམག་འཁྲུག་གི་ཉེན་འགན་ཉིན་རེ་བཞིན་ཛ་དྲག་ཏུ་ཆགས་པ་དང་།  བོད་དམག་ལ་ཕྱོགས་གང་ཐད་ནས་རྒྱལ་ཁ་དང་ཡར་རྒྱས་ཀྱི་རྣམ་པ་འཐོན་པའི་གནས་སྟངས་དང་།  ཡང་སྒོས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ནང་ཁུལ་མཐུན་ལམ་དང་བརྟན་ལྷུང་མེད་པ་སོགས་ཀྱིས་ཕྱོགས་ཡོངས་ནས་རྒྱ་ནག་ལ་ཆེ་མཐོང་དང་བརྩི་བཀུར་ཐོབ་ཐབས་བྲལ་བའི་གནས་སྟངས་འོག་ཐོག་མར་རྒྱ་ཕྱོགས་ནས་གྲོས་མོལ་གྱི་སྣེ་སློང་ཡང་།  བོད་ཕྱོགས་ནས་དབྱིན་གཞུང་བར་ཞུགས་མེད་པར་ཁ་ཏན་ཚིག་ལ་མི་གནས་པའི་རྒྱ་ནག་སྲིད་གཞུང་དང་ཐད་ཀར་གྲོས་མོལ་བྱེད་འདོད་བྲལ་བའི་གནད་དོན་གསལ་བཤད་དང་སྦྲགས་དབྱིན་ཇིའི་གཞུང་ལ་བར་དཔང་བྱ་དགོས་པའི་འབོད་བསྐུལ་ཡང་བྱས།  ༧ གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་མ་འོངས་སྔོན་གཟིགས་ཀྱིས་ཞི་དྲག་ཐབས་ཤེས་གཉིས་ལྡན་གྱི་དགོངས་པ་རྒྱ་ཆེར་བཞེས་ཏེ།  ཕྱོགས་གཅིག་ནས་མདོ་སྟོད་ཕྱོགས་སུ་རྒྱ་དམག་གང་མཆིས་ཕྱིར་ཕུད་གཏོང་བར་ཆེད་དམིགས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མདོ་སྨད་ཞི་དྲག་སྤྱི་འདོམས་བསྐོ་བཞག་ཐོག   གཞུང་ནས་ཡུལ་དམག་ལ་གོ་མཚོན་བགོད་འགྲེམས་དང་གཞུང་དམག་འཕར་སྣོན་བྱས་ཏེ་གཞུང་མང་མཉམ་འབྲེལ་གྱིས་རྒྱ་དམག་མཐར་སྐྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་པ་དང་།  ཕྱོགས་གཅིག་ནས་ཞི་བའི་་གྲོས་མོལ་བརྒྱུད་བོད་རྒྱ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་ཡོང་སླད་དྲང་བདེན་དང་དངོས་ཡོད་ཀྱི་ལམ་ནས་ས་མཚམས་དབྱེ་འབྱེད་གསལ་ཡོང་ཐབས་སུ་དབྱིན་གཞུང་བར་ཞུགས་ཡོང་བའི་ཐུགས་རེ་གནང་ཡང་།  རྒྱ་ནག་ཕྱོགས་ནས་བོད་རྒྱ་གཉིས་ཐད་ཀར་ཞི་མོལ་གནང་འདོད་ཡོད་པ་མ་གཏོགས།  དབྱིན་གཞུང་བར་ཞུགས་དང་།  ལྷག་དོན་དབྱིན་བོད་རྒྱ་གསུམ་གྱི་སྐུ་ཚབ་རྣམ་པ་དབང་ཚད་འདྲ་མཉམ་ཐོག་ནས་གྲོས་མོལ་བྱེད་འདོད་མེད་པའི་རྣམ་འགྱུར་དྲག་པོ་བསྟན་ཀྱང་།  ཁམས་ཕྱོགས་སུ་བོད་དམག་གི་དྲག་ཤུགས་ཉིན་རེ་བཞིན་ཛ་དྲག་ཇེ་ཆེར་འགྲོ་བ་དང་།  བོད་རྒྱ་གཉིས་ཐད་ཀར་གྲོས་མོལ་གནང་ཡུལ་མེད་པ་མ་ཟད།  བོད་རྒྱ་གཉིས་ཀྱི་སྐུ་ཚབ་འདྲ་མཉམ་མ་བྱུང་ཕྱིན་བོད་པའི་སྐུ་ཚབ་ཞུགས་རྒྱུ་ཁས་ལེན་མ་གནང་བས་མཐར་རྒྱ་ནག་གིས་དབྱིན་གཞུང་བར་ཞུགས་དང་།  ཕྱོགས་གསུམ་གྱི་སྐུ་ཚབ་དབང་ཚད་འདྲ་མཉམ་ཐོགས་ནས་ཚོགས་ཞུགས་བྱ་རྒྱུ་མོས་མཐུན་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་ཕྱི་ལོ་༡༩༡༣ལོའི་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ཉིན། རྒྱ་གར་གྱི་བྱང་ངོས་གནས་པའི་དབྱིན་ཇིའི་དབྱར་དུས་ཀྱི་རྒྱལ་ས་སིམ་ལར་འཚོགས་གཏན་འཁེལ་བ་ཞིག་ལས།  དབྱིན་ཇིས་བཙན་བཀའ་དང་ངན་བསྐུལ་བྱས་པ་སོགས་ལས་གྲུབ་པ་ཞིག་མིན་པ་གསལ་པོར་མཐོང་ཡང་།  《ལོ་རྒྱུས་གཡུ་ཕྲེང་》དུ།  གྲོས་ཚོགས་དེ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་མངོན་སུམ་འཛེམས་མེད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་བྱུས་བྱས་ཏེ་བོད་འདི་མེས་རྒྱལ་གྱི་མངའ་ཁོངས་ནས་ཁ་བྲལ་གཏོང་བའི་ལྐོག་གཡོའི་ངན་བྱུསཤིག་ཡིན།  ཞེས་བཤད་མོད།  འོན་ཀྱང་མངོན་སུམ་འཛེམས་མེད་ཀྱིས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ལོག་འགྲེལ་བྱས་པ་དང་།  ལྷག་པར་རྒྱ་ནག་མི་སེར་རྒྱལ་ཁབ་དང་བོད་གཞུང་གཉིས་བར་ཆོས་སྲིད་གཉིས་ཀའི་ཐད་ནས་འབྲེལ་མེད་སོ་སོར་གནས་པ་མ་ཟད་བོད་པས་རྒྱ་ནག་མི་སེར་རྒྱལ་གྱི་སྲིད་གཞུང་དེ་ཤར་ཕྱོགས་ཀྱི་དགྲ་བོར་བརྩི་བ་གཉིས་ལ་མངའ་ཁོངས་དང་ཁ་བྲལ་ཞེས་པའི་ཐ་སྙད་ཅི་ལྟར་ཐོབ།  སྤྱིར་ཁ་བྲལ་གཞི་དང་བྲལ་ཆོས་གཉིས་ལ་གང་ས་གང་གི་སྒོ་ནས་ཕྱོགས་མཚུངས་ཤིག་དགོས་ཀྱང་།  བོད་རྒྱ་གཉིས་ཀྱི་བར་ས་ཁམས་ཀྱི་ཆགས་དབྱིབས་དང་། མི་རིགས་ཀྱི་འབྱུང་ཁུངས།  རྒྱལ་རབས་ལོ་རྒྱུས། རིག་གནས་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་དེ་འདྲའི་གནད་དོན་གང་ཡང་མེད་པར་གང་བྱུང་ཧམ་བྱེད་བཤད་པ་དེ་ནི།   བཙན་རྒྱལ་རིང་ལུགས་དང་རྒྱ་བསྐྱེད་རིང་ལུགས་ཀྱིས་བོད་ཀྱི་སྲིད་དབང་འཕྲོག་འདོད་པའི་ལྐོག་གཡོའི་ངན་བྱུས་དངོས་ཡོད་རང་ལས་མ་མཐོང་།   དབྱིན་ཇིས་བོད་ལ་གསལ་ཁ་མེད་པའི་སྲིད་བྱུས་ཤིག་བཟུང་ནས་རང་ཉིད་ལ་ཁེ་བཟང་གང་མཆིས་འཚོལ་ཐབས་བྱས་ཀྱང་།  དེ་ལས་ལྡོག་སྟེ་ནུས་ཤུགས་ལྡན་ཞིང་དམིགས་གསལ་གལ་གནད་བརྩིས་པའི་བར་གནས་བོད་གཞུང་མེད་པར་ཆགས་པའི་ཚབ་ཏུ་རྒྱ་ནག་གི་འཛིན་སྐྱོང་ནུས་ཤུགས་ཐེབས་ན།   གཙོ་བོ་རྒྱ་གར་གྱི་ས་མཚམས་བདེ་འཇགས་དང་།  ཁོང་ཚོར་དམིགས་གསལ་ཁེ་ཕན་དང་འབྲེལ་བ་དམ་བཟུང་བྱས་པའི་རྒྱ་ནག་དང་།  འབྲུག   འབྲས་ལྗོངས།   བལ་ཡུལ་བཅས་ཀྱི་འབྲེལ་ལམ་ལ་དོ་ཕོག་དང་རྙོག་འཛིངས་ཆེས་ཆེར་འགྲོ་ཉེན་མཆིས་པར་བརྟེན་གྲོས་མོལ་ལ་མཐུན་རྐྱེན་དང་རོགས་རམ་བྱས་པའང་དོན་ལ་གནས།  རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་དེར་བོད་གཞུང་གི་སྐུ་ཚབ་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་དང་།  ལས་རོགས་ཐའི་ཇི་ཁྲི་སྨོན་ནོར་བུ་དབང་རྒྱལ།  སྣེ་མགྲོན་མཁན་ཆུང་བསྟན་པ་དར་རྒྱས།  རིམ་བཞི་རྟ་མདོ་བ།  རིམ་ལྔ་ཁྱུང་རམ་གཞོན་པ།   ཤོད་མགྲོན་ཐུབ་བསྟན་ངག་དབང་།  གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་གྱི་འཐུས་མི།  རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྐུ་ཚབ་བོད་སྡོད་ཤོན་ཧྥུ་ཧྲེ་དྲེན་དབྱི་ཧྥན་དང་།  ཤོན་ཧྥུ་ཧེ་གཞོན་པ་ཝང་ཧད་ཕིན།  དབྱིན་གཞུང་གི་སྐུ་ཚབ་ཕྱི་འབྲེལ་བློན་ཆེན་རྨད་ཁ་མ་ཧུང་དང་།  རོ་སེ།  སྦེལ་སོགས་མཉམ་ཞུགས་ཀྱིས་ཐོག་མར་ཕན་ཚུན་རྒྱལ་ཁབ་སོ་སོའི་དཔང་ཡིག་ལ་ཞིབ་བཤེར་གྱིས་དབང་ཚད་ཆ་ཚང་ལྡན་པའི་སྐུ་ཚབ་ཡིན་པ་ཕྱོགས་གསུམ་ཀས་གཞུང་འབྲེལ་གྱིས་ངོས་འཛིན་གསལ་པོ་ཡོད་པའི་ཐོག་ནས་མཐུན་མོང་གིས་རྨད་ཁ་མ་ཧུང་ཚོགས་འདུའི་གཙོ་སྐྱོང་དུ་བསྐོས་ཀྱང་། 《 ལོ་རྒྱུས་གཡུ་ཕྲེང་》དུ།   ཐེངས་དེའི་གྲོས་ཚོགས་ནི་རྨད་ཁ་མ་ཧུང་གིས་ཡོངས་སུ་ཁོ་ལོ་བསྒྱུར།  ཞེས་ཕྱི་འབྲེལ་བློན་ཆེན་རྨད་ཁ་མ་ཧུང་ཚོགས་འདུའི་གཙོ་འཛིན་དུ་འོས་འདེམས་བྱས་པར་མི་འདོད་པའི་རྣམ་འགྱུར་བསྟན་ཀྱང་།  《བོད་ཀྱི་གནས་བབས་ 》  སུ།  སར་ཧན་རི་མེག་མ་ཧོན་ཚོགས་འདུའི་གཙོ་འཛིན་དུ་འོས་འདེམས་བྱས་པ་དེ་ནི་བོད་དང་རྒྱ་ནག་དབར་དམག་འཁྲུག་བྱེད་བཞིན་པར་དབྱིན་ཇིས་བར་འདུམ་བ་འདུན་ཡོད་པར་བརྟེན་རྒྱུ་མཚན་ལྡན་པའི་གོམ་འགྲོས་ཤིག་རེད།  ཅེས་པ་དོན་ལ་གནས་བ་མ་གཏོགས་དབྱིན་ཇིས་བཙན་ཤུགས་ཀྱིས་རང་སྣང་གང་དྲན་ཁ་ལོར་བསྒྱུར་བ་ཞིག་མིན།   སིམ་ལའི་ལྷན་ཚོགས་འགོ་ཚུགས་མ་ཐག་བློན་ཆེན་བཤད་སྒྲས་བོད་གཞུང་གི་དགོངས་ཚུལ་གསལ་བཤད་དང་འབྲེལ་ཚིག་ཐོ་དོན་ཚན་འགའ་ཤས་བཏོན་པ། 《 ལོ་རྒྱུས་གཡུ་ཕྲེང་》  དུ།    དོན་ཚན་དང་པོ།   ཕྱིན་ཆད་རྒྱ་བོད་ཕར་ཚུར་དབང་བྱུས་ལ་ཐེ་བྱུས་མི་བྱེད་པ་མ་ཟད།  བོད་འདི་རྒྱལ་ཁབ་རང་བཙན་ཡིན་པར་ཐག་བཅད།   སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་བོད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་བདག་པོ་ཡིན་པར་ཐག་བཅད།   ཀྭང་ཞུའི་ཁྲི་བཞུགས་སོ་གཉིས་པ་ཕྱི་ལུགས་འདས་ལོ་༡༩༠༦ཟླ་བཞི་བའི་ཚེས་བདུན་ལ་པེ་ཅིང་དུ་རྒྱ་ཕྱི་གཉིས་ཆིངས་ཡིག་རྟགས་འཇོག་སྐབས་བོད་ཀྱི་སྐུ་ཚབ་དང་།   ཐམ་ཀ་ཕབ་རིགས་མེད་གཤིས་བརྩི་འཇོག་བྱེད་མི་ཐུབ་པར་བརྟེན་རྒྱལ་ཁབ་གསུམ་ཀ་ནས་ཆ་འཇོག་མེད་པ་བྱེད་རྒྱུ།   དོན་ཚན་གཉིས་པ།  རྒྱ་བོད་ས་མཚམས་ཐད་བྱང་ཤར་ཟི་ལིང་རྨེ་རུ་སྒང་གི་རྡོ་བཙུགས་དང་།   ཤར་རྨ་ཆེན་སྤོམ་རའི་གངས་ཆུ་བརྒྱུད་ཕུགས་པ་དང་པོ།  ཤར་ལྷོའི་མཚམས་བྱན་དྲངས་ཟེར་བའི་ཡུལ་དུ་མཆོད་རྟེན་དཀར་པོ་ཞེས་པ་བཅས་ཡིན་ངེས་ཡོངས་གྲགས་བཞིན་ད་ལམ་དབྱེ་འབྱེད་བགྱིས་པར་བོད་ཀྱི་ས་ཁོངས་་ཞིབ་ཆ་བྱང་ཕྱོགས་ཀུན་ལུང་རི་རྩེ།  ཨལ་རྟེན་ཏའི་རི་རྩེ།  འཚལ་འདམ་རི་བརྒྱུད་ནས་རོ་ནི་ལི་རྩེ།  སྦ་ཁང་སྤོ་ཐོའི་རི་རྩེ་ནས་མཚོ་སྔོན་པོའི་བྱང་བརྒྱུད་སྦ་ནག་ཁག་གསུམ་ཚུར་ཚུད་པའི་རྒྱའི་ཞིང་ཆེན་ཀན་ཞུའི་ས་མཚམས་བརྒྱུད།   དེ་ནས་ལྷོ་ཕྱོགས་ཕྱིན་ཏེ་ཤར་ལྷོའི་སར་འགོ་ལོག   ཧོར་ཁོག  ཉག་རོང་།  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད།  ལྕག་ལ།  དར་མདོ་ཚུར་ཚུད་དེ་ནས་ལྷོར་ཕྱིན་གྱི་ཟི་ཁྲོན་དང་ཡུན་ནན་ས་མཚམས་བར།   དེ་ནས་བོད་ཀྱི་ས་མཚམས་བརྒྱུད་ནུབ་རི་དམར་ཚུན་བཅས་ཞིབ་པ་བར་སྐབས་བོད་ཀྱི་ས་ཆ་རྒྱ་ཕྱོགས་ནས་རིམ་ཟོས་ལ་ཟི་རྐང་ཞེས་མིང་གསར་བཏགས་ཡོད་འདུག་པ་དེའི་ཁོངས་འཁོད་ཀྱི་ས་དང་།   མི་རིགས་རྣམས་ཀྱང་བོད་མི་ཡིན་གཤིས་ཕྱིན་ཆད་བོད་གཞུང་དུ་བདག་པ་དང་།  ལོ་ཇི་སོང་གི་ཁྲལ་དངུལ་རྣམས་ཕྱིར་སློག་བྱེད་རྒྱུ་བྱས།  དོན་ཚན་གསུམ་པ།  དབྱིན་བོད་ཚོང་གི་འགྲོ་ལུགས་སྐོར་འདས་ལོ་༡༨༩༣ཟླ་དང་པོའི་ཚེས་ཉེར་ལྔ་དང་འདས་ལོ་༡༩༠༨ཟླ་བཞི་པའི་ཚེས་ཉེར་བདུན་ལ་བཞག་པའི་ཆིངས་གསལ་རྣམས་དབྱིན་གཞུང་དང་།  བོད་གཞུང་བཀའ་མོལ་གྱིས་ཕན་ཚུན་གཉིས་དགེའི་བསྐྱར་བཅོས་བྱེད་རྒྱུར་རྒྱ་ཕྱོགས་ལ་ཐེ་ཆ་མེད།   དོན་ཚན་བཞི་པ།   བོད་དུ་རྒྱ་དཔོན་དམག་སྡོད་རྒྱུ་སྔར་ཕན་འཁོན་འགྲས་ཆེན་པོ་ཞུགས་པའི་མི་རིགས་ཡུལ་གཅིག་ཏུ་མཉམ་ཚོགས་བྱེད་རྒྱུ་སླར་ཡང་རྩོད་འཁྲུགས་ཀྱི་རྒྱུ་མ་ཟད།  རྒྱ་གཞུང་ལའང་ཕོགས་འགྲོ་ལས།   བོད་ནས་ཡོང་འབབ་མེད་ཅིང་།  བོད་གཞུང་མི་སེར་དང་བཅས་པར་འགྲོ་དོན་བརྡབ་བསིགས་ལ་རྟེན་འཕྲལ་ཕུགས་ཕན་ཚུན་བདེ་འཇགས་ཡུན་གནས་ཆེད་བོད་ཀྱི་ས་ཁོངས་ལ་རྒྱ་མི་ཨམ་བན་དང་།  དཔོན་རིགས།  དམག་མི།  མི་སེར་བཅས་འགྲོ་སྡོད་མི་ཆོག   རྒྱ་མི་ཚོང་པ་བོད་གཞུང་གི་བཀའ་འབྲེལ་དཔོན་རིགས་ཀྱི་ལག་འཁྱེར་མེད་པར་བོད་བསྐྱོད་མི་ཆོག  དོན་ཚན་ལྔ་པ།  སོག་ཡུལ་དུའང་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཕེབས་ཏེ་ནང་བསྟན་ཁྱབ་སྤེལ་བླ་སློབ་ལར་རྒྱ་གཅིག   ཁལ་ཁ་རྗེ་བཙུན་དམ་པའི་སྐུ་སྐྱེ་ངོས་འཛིན་དང་ཞབས་ཞུ་བླ་མ་དཔོན་རིགས་གཏོང་རྒྱུ།   ཆོ་ལོ།  བཀའ་ཤོག་སོགས་སྩལ་མུས་མ་ཟད།   རྒྱ་སོག་ཡུལ་གྲུ་ནས་གདན་ས་ཁག་ལ་ལ་གྲྭ་རྒྱུན་དང་དགེ་རྒྱུན་འབུལ་དངོས་ཁྱོན་ཆེ་ཡོང་མུས་གོང་གསལ་ཁུལ་གྱི་ནང་བའི་ཆོས་བྱེད་བླ་མ་གྲྭ་རིགས་ནང་ཏཱ་ལའི་བླ་མ་རིན་པོ་ཆེའི་ཆོས་ཁྲིམས་འཁུར་ཤེས་སོགས་ལམ་ལུགས་སྔར་བཞིན་གནས་རྒྱུ།   དོན་ཚན་དྲུག་པ།   རྒྱ་དཔོན་དཔག་དང་།  མི་སེར་བཅས་ནས་དབང་ཤེད་ཀྱིས་བོད་གཞུང་སྐུ་ཆས་དངུལ་དངོས་འཕྲོག་འཁྱེར།   ཉག་རོང་སོགས་རྫང་གཞིས་འཕྲོག་ཉར་དངོས་པོ་ཁྲལ་འབབ།  སྡེ་དགེ་གཞུང་ཞབས་མི་སེར་དང་།  ལ་དྭགས་ཁ་བལ་བཅས་ཀྱི་མི་བསད་རྒྱུ་དངོས་འཕྲོག་འཁྱེར་སྟོར་རླག   ཁང་པ་མེར་བསྲེགས་བཤིག་སྟོར་བཅས་རང་བཞིན་གྱོང་འཁུར་ཐུབ་མིན་ལ་སྐྱིན་ཚབ་འཕྲལ་སྤྲོད་བྱེད་རྒྱུ་བཅས་ཀྱི་ཚིག་དོན་ཡོད་པ་ཞུ་རྒྱུར།  བོད་གཞུང་སྐུ་ཚབ་སྲིད་བློན་བཤད་སྒྲས།   ཆུ་གླང་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ལ་ཞེས་འཁོད།   རྒྱ་ནག་གིས་ལྡོག་ཕྱོགས་ནས་དགག་ལན་དང་འབྲེལ་དགོས་འདུན་དོན་ཚན་འགའ་ཤས་བཏོན་ཚུལ།   《ལོ་རྒྱུས་གཡུ་ཕྲེང་》དུ།   གཅིག་ལ།   ངོས་བཤམ་གསལ་མིང་རྟགས་འཁོད་པ་རྣམས་ནས་ཐུགས་བློ་མཐུན་པའི་སྒོ་ནས་བོད་ལྗོངས་འདི་བཞིན་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ས་ཆའི་ནང་དུ་གནས་ངེས་ཡིན་པ་ཆ་འཇོག་བྱ་རྒྱུ་དང་།  བོད་གཞུང་དང་དབྱིན་གཞུང་གཉིས་ཀའི་ཐད་ནས་འདི་ལ་དཀྲོག་རྐྱེན་སོགས་མི་བྱེད་པར་སྔར་རྒྱ་ནག་གིས་བོད་ཁམས་ལ་དབང་བསྒྱུར་གང་ཡོད་ལ་བོད་ཕྱོགས་ནས་ཀྱང་སྔར་ལམ་བཞིན་བརྩི་གནས་དགོས་རྒྱུ་དང་།  དེ་དག་ལ་དབྱིན་གཞུང་ནས་ཀྱང་ཆ་འཇོག་མཛད་རྒྱུ།   རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་ནས་ཀྱང་བོད་ཡུལ་དེ་བཞིན་རྒྱའི་ཞིང་ཆེནདུ་བསྒྱུར་བཀོད་མི་བྱེད་པ་ཁས་ལེན་བྱས།   དབྱིན་གཞུང་ནས་ཀྱང་བོད་ལྗོངས་སམ་བོད་ཀྱི་ས་སྡེ་ཆ་ཤས་དབྱིན་ཁོངསསུ་བཞེས་རྒྱུ་མེད་པ་བྱས།  གཉིས་ལ།  རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་གིས་བོད་ལྷ་ལྡན་དུ་ཨམ་བན་གཅིག་བསྐོ་བཞག་བྱས་ཏེ་བཞག་ཆོག་པ་དང་།  དེ་ལ་སྔར་ལམ་གྱི་ཚད་དབང་ཐོབ་ཐང་གང་ཡོད་སྔར་རྒྱུན་ལྟར་བྱེད་དགོས་པ་ལ་སྐུ་སྲུང་རྒྱ་དམག་ཉིས་སྟོང་དྲུག་བརྒྱ་བཞག་པ་དེ་ཐོག་ཆིག་སྟོང་ལྷ་ལྡན་དུ་འཇོག་རྒྱུ།  དེ་འཕྲོས་ཆིག་སྟོང་དྲུག་བརྒྱ་ས་གནས་ཨམ་བན་དེའི་འདོད་མོས་ལྟར་འཇོག་རྒྱུ།   གསུམ་ལ།  བོད་ཕྱོགས་ནས་ཕྱི་རྒྱའི་ལས་དོན་དང་།  དམག་དོན་བྱེད་སྒོའི་སྐོར་རྒྱ་ནག་གིས་བཀའ་སློབ་ལྟར་བྱེད་རྒྱུ།  ཡང་ཕྱི་རྒྱལ་ཁག་སུ་འདྲ་ཞིག་དང་གྲོས་མོལ་བྱ་དགོས་རུང་རྒྱ་གཞུང་མ་བརྒྱུད་པར་མི་བྱེད།  འོན་ཀྱང་ཕྱི་ལོ༡༩༠༦ཟླ་དགུ་བའི་ཚེས་བདུན་ཉིན་དབྱིན་བོད་ཆིངས་ཡིག་དོན་ཚན་ལྔ་བ་ནང་གསལ།   དབྱིན་ཇིའི་ཚོང་རའི་དོ་དམ་པ་དང་།  བོད་ཀྱི་དཔོན་རིགས་ཕན་ཚུན་ཐུག་འཕྲད་ཚོང་དོན་སྐོར་གྲོས་མོལ་དགོས་རིགས་ལ་དགག་བྱ་མེད།  བཞི་ལ།  བོད་ཕྱོགས་ཀྱི་གནས་བོད་དཔོན་ཁག་དང་མི་སེར་རྒྱ་ཕྱོགས་ལ་དཀར་བ་ཡོད་རིགས་མཁྱེན་གསལ་བཙོན་བཅུག་བྱས་རིགས་དང་རྒྱུ་དངོས་གཞུང་བཞེས་བྱས་རིགས་རྣམས་དགོངས་དང་ཀྱིས་བཙོན་འདོན་དང་རྒྱུ་དངོས་ཕྱིར་ལོག་བྱེད་རྒྱུ་བྱས།  ལྔ་ལ།  བོད་ཕྱོགས་ཀྱི་འཆར་གཞི་དོན་ཚན་ལྔ་པ་དེ་སྐོར་བཀའ་མོལ་མཛད་ཆོག  དྲུག་ལ།  དེ་སྔ་ཚོང་གི་འགྲོ་ལུགས་སྐོར་གྱི་ཆིངས་ཕྱི་ལོ༡༨༩༣ཟླ་བཅུ་གཉིས་པའི་ཚེས་ལྔ་དང་ཡང་ཕྱི་ལོ༡༩༠༨བཞི་བའི་ཚེས་བཞི་གོང་གི་འགྲོ་ལུགས་ཀྱི་ཆིངས་ཡིག་རྣམས་བསྐྱར་འཇོག་བྱ་དགོས།  བྱུང་ཚེ་ཚང་མ་ཞིབ་མོལ་གྱིས་ཕྱི་ལོ༡༩༠༦ཟླ་བཞི་བའི་ཚེས་ཉེར་བདུན་ལ་རྒྱ་ཕྱི་ནས་བོད་དོན་སྐོར་བཞག་པའི་ཆིངས་ཡིག་དེའི་དོན་ཚན་གསུམ་པ་ལྟར་བཀའ་མོལ་གནང་རྒྱུ།  བདུན་ལ།   རྒྱ་ནག་དངོས་གནས་དང་།  བོད་ཀྱི་ས་མཚམས་དེ་བཞིན་ད་ལྟ་དང་འདི་ནང་རྟགས་ལམ་རོབ་བཀོད་དེ་ཟུར་ཕུལ་ཞུས་ཡོད།  ཕྱི་ལོ༡༩༡༣ཨོཀྚ་པར་ཏཱ་རིག་སུམ་ཅུ་ལ།    ཞེས་འཁོད།  ཅེས་བོད་ཕྱོགས་ནས་དོན་ཚན་དྲུག་བཏོན་ཚུལ་དང་།  རྒྱ་ཕྱོགས་ནས་གཤམ་གསལ་དོན་ཚན་ཁག་རྩ་བཟུང་བྱེད་དགོས་ཞེས་བཏོན་པའི་དོན་ཚན་བདུན་རྣམས་ལུང་འདྲེན་ཚུལ་དུ་བཀོད་པ་འདི་དག་ངེས་པར་ཞིབ་འཇུག་བྱེད་དགོས་པའི་དོན་གནད་ཅིག་ཏུ་གྱུར།  གོང་འཁོད་བོད་ཕྱོགས་ནས་བཏོན་པའི་དོན་ཚན་དང་པོ་དང་།  གཉིས་པ། ལྔ་པ།  དྲུག་པ་བཅས་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་གནད་བསྡུས་རེ་གསལ་ཞིང་།  དོན་ཚན་བཞི་པ་དང་།  གསུམ་པ་གཉིས་བོད་ཀྱི་གནས་བབས་ནང་གསལ་བས་བོད་ཕྱོགས་ནས་བཏོན་པའི་དོན་ཚན་རྣམས་ཚིག་དོན་ཕྱོགས་ཡོངས་ནས་མཚུངས་པ་མིན་ཡང་དོན་གནད་འདྲ་བར་སྣང་།   རྒྱ་ཕྱོགས་ནས་བཏོན་པའི་གོང་འཁོད་དོན་ཚན་དང་པོ་དང་།  གཉིས་པ།  གསུམ་པ།   བདུན་པ་བཅས་བོད་ཀྱི་གནས་བབས་ནང་ཕྱོགས་མཚུངས་ཙམ་གསལ་ཡང་དོན་ཚནབཞི་པ་དང་།  ལྔ་པ།  དྲུག་པ་གསུམ་ཁུངས་ལྡན་ཡིག་ཆ་གང་དུ་མི་གསལ་བས་རྩོམ་པོའི་སྨྱུག་རྩེ་བཙན་གནོན་གྱི་ལྕགས་སྒྲོག་འོག་ཚུད་དེ་བཅོས་མའི་འབག་སྐུ་ལ་གསེར་ཞུན་བྱུགས་པ་མཐོང་ཐུབ།  འདིའི་ཐད་《བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ》ཏུ།  སྐུ་ཞབས་ཧྥན་ཕུ་རག་དང་ཞྭ་སྒབ་པ་གཉིས་ཀའི་དེབ་ཀྱི་ནང་དུ་དོན་ཚན་དྲུག་པོ་དེ་དག་ཆ་ཚང་དང་གསལ་པོར་མ་བཀོད་པའི་དབང་གིས་དེའི་ནང་ནས་ཁུངས་མེད་ནོར་གཏམ་དབྱེ་བ་འབྱེད་དཀའ།  ཞེས་ལོ་རྒྱུས་གཡུ་ཕྲེང་ལས་གོང་འཁོད་དོན་ཚན་རྣམས་དྲངས་འདུག་ཀྱང་།  《བདེན་རྫུན་འོ་ཆུ་འབྱེད་པའི་དགག་བཞག་ངང་པའི་རྒྱལ་པོ》ཞེས་པའི་ནང་།  སིམ་ལའི་གྲོས་ཚོགས་སར།  བོད་གཞུང་གི་ཕྱོགས་ནས་ཐོག་མར་གྲོས་གཞི་དོན་ཚན་དྲུག་བཏོན་པ་དང་།  དེ་ལ་རྒྱ་ཕྱོགས་ནས་དགག་པ་བརྒྱབ་ཚུལ།  དབྱིན་ཇིས་བར་འདུམ་གྱིས་ཚུལ་དུ་ཁུངས་མེད་ཀྱི་གྲོས་གཞི་དོན་ཚན་བཅུ་གཅིག་བཏོན་ཚུལ་སོགས་ནི་རྩོམ་པ་པོས་རང་འདོད་ལྟར་བྲིས་པ་ཙམ་ཡིན་པས་ཕན་གནོད་གང་ཡང་མེད་གཤིས།  ལན་འདེབས་ཀྱི་ངལ་བ་མ་བྱས་སོ།  ཞེས་འཁོད་པ་སོགས་ལས་གོང་འཁོད་དོན་ཚན་རྣམས་ ཚིག་ཐོ་ཇི་མ་ཇི་བཞིན་བཀོད་པ་མ་ཡིན་པ་རང་འདོད་ལྟར་བཅོས་ཏེ་བསྒྲིགས་པར་ཕྱོགས་ཡོངས་ནས་གསལ།  བོད་རྒྱ་ཕྱོགས་གཉིས་ཀའི་བོད་ཀྱི་བདག་དབང་དང་ས་མཚམས་སྐོར་སོགས་བསམ་བློ་འཛིན་སྟངས་འགལ་བ་ལྟག་སྤྲོད་དུ་གྱུར་པའི་དབང་གིས་ཕན་ཚུན་འགྲིགས་ཐབས་མེད་པའི་བཀའ་མོལ་རིང་པོ་གནང་བ་ལ།  དབྱིན་ཇིས་བར་འདུམ་བྱ་རྒྱུའི་གྲོས་འཆར་ཞིག་བཟོ་རྒྱུའི་བསམ་ཚུལ་བཏོན་སྐབས།  བོད་རྒྱ་གཉིས་ཀྱི་སྐུ་ཚབ་ནས་ཕན་ཚུན་སོ་སོའི་ས་སྡེའི་བདག་དབང་རྕོད་ལེན་གྱི་ཁུངས་སྐྱེལ་ཡིག་ཆ་སྤྲད་ཁོངས་ནས།  བོད་ཕྱོགས་ནས་བཏོན་པའི་ཁུངས་སྐྱེལ་ཡིག་ཆ་དེབ་ཁག་ལྔ་བཅུ་ང་དྲུག་ཆིངས་སར་ར་སྤྲོད་བྱུང་ཞེས་དབྱིན་གཞུང་སྐུ་ཚབ་ནས་ལག་རྟགས་བརྒྱབ་ཡོད།  རྒྱ་ནག་གཞུང་གི་སྐུ་ཚབ་ནས་རྩོད་གཞིའི་གནད་ལ་ཁེལ་བའི་ལོ་རྒྱུས་ཁུངས་སྐྱེལ་གང་ཡང་མེད་པ་མ་ཟད།  བོད་ཤར་ཕྱོགས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཁུངས་ཐུབ་ཡིག་ཆ་བསྟན་རྒྱུ་མེད་པར་ཕལ་ཆེར་ངག་སྒྲོས་ཙམ་ལ་བརྟེན་དགོས་བྱུང་འདུག  དབྱིན་ཇའི་ཕྱི་འབྲེལ་བློན་ཆེན་རྨད་ཁ་མ་ཧུང་གིས་བར་འདུམ་ཆེད་ཕྱོགས་གཉིས་ཀས་སྤྲད་པའི་ཡིག་ཆ་ཁག་ལ་ཞིབ་འཇུག་ནན་ཏན་བྱས་པའི་རྗེས་ལ་ཕྱོགས་གཉིས་ཀས་མོས་མཐུན་ཡོང་ཕྱིར།   ཕྱི་ལོ་༡༩༡༤ལོའི་སྤྱི་ཟླ་༢ཚེས་༢༧ཉིན་སོག་ཡུལ་ལ་དཔེ་བླངས་ཏེ།  རྩོད་གཞི་ཅན་གྱི་ས་ཆ་ལ་བོད་ཕྱི་མ་དང།  ནང་མ་ཞེས་བོད་ཕྱི་ནང་གཉིས་སུ་དབྱེ་རྒྱུའི་གྲོས་འཆར་བཏོན་པ་ལ་བོད་རྒྱ་གཉིས་ཀས་དགག་པ་བརྒྱབ་ཀྱང་མཐར་བོད་པས་མོས་མཐུན་བྱ་དགོས་བྱུང་འདུག  བོད་མའི་སྐུ་ཚབ་ངོས་ནས་གྲོས་འཆར་ལ་མོས་མཐུན་ཁས་ལེན་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁམས་ཕྱོགས་སུ་དམག་འཁྲུག་མཚམས་འཇོག་དང་བོད་རྒྱ་གཉིས་འགྲིགས་འཇགས་མགྱོགས་མྱུར་ཡོང་ཐབས་མ་བྱས་ན།  རྒྱ་མའི་དཔུང་དམག་གིས་ཁམས་ཁུལ་ས་ཆ་མང་པོ་བཟུང་ཡོད་པ་མ་ཟད།  རྒྱ་ནག་ནང་ཁུལ་མཐུན་ལམ་དང་གཅིག་སྒྲིལ་གལ་ཏེ་བྱུང་ན་ནུས་པ་ཇི་ཡོད་ཀྱིས་བོད་ལ་བཙན་འཛུལ་བྱ་གཏན་ཁེལ་བས།  བོད་མིའི་ངོས་ནས་གདོང་ལེན་གནད་ཁེལ་བྱེད་པའི་སྤོབས་པ་ཡོད་རུང་སྟོབས་ཤུགས་ཞན་པའི་བློ་ཚབས་དང་།  ཕྱོགས་གཞན་ཞིག་ནས་བློན་ཆེན་བཤད་སྒྲས་བོད་དམག་གིས་ཆབ་མདོ་ལམ་སང་ལེན་ཐུབ་པ་མངོན་སུམ་གཟིགས་འཕྲལ་གནས་སྐབས་སུ་བོད་ཕྱི་ནང་གཉིས་སུ་དབྱེ་སྟེ།  དང་པོ་བོད་ཕྱི་མ་རང་སྐྱོང་ངམ་རང་བཙན་བརྟན་གནས་བྱས་ཐོག  གོམ་པ་གཉིས་པ་བོད་ནང་མ་ཡང་བསྐྱར་རང་བཙན་གཙང་མ་བྱ་རྒྱུ་དང་།  བོད་རང་བཙན་ཡུན་གནས་ཐུབ་དགོས་ན་ངེས་པར་དེང་དུས་ཀྱི་གོ་མཚོན་མེད་ཐབས་བྲལ་བར་བརྟེན།  དབྱིན་གཞུང་ནས་གོ་མཚོན་སོགས་རོགས་རམ་ཐོབ་ཆེད་དབྱིན་གཞུང་དང་  འབྲེལ་ལམ་ཟབ་ཏུ་གཏོང་དགོས་བྱུང་བ་སོགས་གནད་དོན་མང་བོ་ཞིག་ལ་བརྟེན་ནས་མོས་མཐུན་བྱས་འདུག  རྒྱ་ནག་ཕྱོགས་ནས་བོད་རྒྱ་ཁོངས་ཡིན་པ་ངོས་འཛིན་དགོས་སྐོར་ཨུ་ཚུགས་བྱས་པ་ལ་བོད་ཕྱོགས་ནས་བྱ་སྤྱོད་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཀྱང་།  རྒྱ་ནག་གིས་ཆིངས་ཡིག་ལ་མོས་མཐུན་ཡོང་ཐབས་སུ་བོད་འདི་རྒྱ་ནག་གི་ས་སྡེའི་ཆ་ཤས་ཡིན་ལུགས་ཆིངས་ཡིག་གི་ཟུར་རྒྱན་ཡིག་ཆའི་ནང་མཆན་འགོད་བྱ་རྒྱུའི་མོས་མཐུན་བྱས་པས་ཕྱོགས་གསུམ་གྱིས་སིམ་ལའི་ཆིངས་ཡིག་གི་ཟིན་བྲིས་ལ་ལག་རྟགས་བརྒྱབ་ཡོད་ཀྱང་།  གློ་བུར་དུ་རྒྱ་གཞུང་གིས་ཆིངས་ཡིག་ངོ་མར་ལག་རྟགས་དང་དམ་ཕྲུག་རྒྱག་མི་ཆོག་ཅེས་རྒྱ་ནག་གཞུང་གི་བཀའ་འབྱོར་བར་བརྟེན་རྒྱ་ནག་སྐུ་ཚབ་ཕྱོགས་ནས་ལག་རྟགས་དང་དམ་ཕྲུག་མ་བརྒྱབ་པས་གོང་འཁོད་དོན་གནད་ཚང་མ་ལག་བསྟར་གང་ཡང་བྱ་ཐུབ་མེད།  ཕྱི་ལོ་༡༩༡༤ཟླ་བ་༧ཚེས་༣ཉིན་རྒྱ་བོད་དབྱིན་གསུམ་འཛོམས་པའི་ཚོགས་འདུའི་སར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ནས་ཆིངས་ཡིག་ངོ་མར་ལག་རྟགས་བརྒྱབ་ན་ལེགས་ཚོགས་ཆེ་ཚུལ་གསལ་བཤད་དང་འབྲེལ་གལ་སྲིད་རྒྱ་ནག་གི་སྐུ་ཚབ་ངོས་ནས་ལག་རྟགས་མ་བརྒྱབ་ན་དབྱིན་བོད་གཉིས་ཆིངས་ཡིག་འདི་དང་།  ཟུར་པར་ལག་རྟགས་གནང་རྒྱུ་ཡིན་ཚུལ་གསུངས་ཀྱང་།  རྒྱ་ཕྱོགས་ནས་ཁས་ལེན་མ་བྱས་པས་བོད་རྒྱ་དབྱིན་གསུམ་གྱི་སྐུ་ཚབ་ལྷན་འཛོམས་ཚོགས་ཐོག་རང་ལ་དངོས་སུ་དབྱིན་བོད་གཉིས་དམ་ཕྲུག་དང་།  ལག་རྟགས་ས་ཡིག་ཕབ་པ་མ་ཟད།  ཟུར་ཆིངས་ཤིག་ཀྱང་བཞག་པའི་ནང་དོན་ནི།  བོད་གཞུང་དང་དབྱིན་གཞུང་གཉིས་ཀའི་དབང་ཚད་ཆ་ཚང་ཡོད་པའི་སྐུ་ཚབ་གཉིས་ཀྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་ཟུར་ཡོད་འདི་བཞིན་དབྱིན་བོད་གཉིས་ཀས་བརྩི་འཇོག་བྱ་རྒྱུར་ངེས་པ་དང།  གོང་འཁོད་ཆིངས་ཡིག་ལ་རྒྱ་ནག་གཞུང་ནས་མིང་རྟགས་མ་བཀོད་མེད་པས་དེ་གསལ་ཐོབ་ཐང་གང་མཆིས་ལ་རྒྱ་ནག་གིས་སྤྱོད་མི་ཆོག་ཅེས་འཁོད་འདུག།
  • གསུམཔ།                             སིམ་ལའི་ཆིངས་ཡིག་གི་མཐའ་འབྲས།
  • སིམ་ལའི་ལྷན་ཚོགས་སྐབས་བོད་དང་རྒྱལ་ཁབ་གཞན་ཁག་བར་གྱི་འབྲེལ་ལམ་དང་།  ལྷག་དོན་བོད་རྒྱ་དབྱིན་གསུམ་བར་ས་མཚམས་དང་ཚོང་འབྲེལ།  བོད་རྒྱ་གཉིས་བར་དམག་འཁྲུག་བྱེད་བཞིན་པའི་གནས་སྟངས་རྫ་དྲག་འཕྲལ་དུ་ཐག་གཅོད་གཙང་མ་ཡོང་ཐབས་སོགས་ཀྱི་ཐད་ཕྱོགས་གསུམ་གྱི་གྲོས་མོལ་ལ་དོན་འབྲས་གང་ཡང་མ་སོན་ཡང་།  དབྱིན་བོད་གཉིས་ཀྱིས་ཐད་ཀར་ཆིངས་ཡིག་བཞག་ཐུབ་པར་བྱུང་བ་དང་།  ལྷག་དོན་ཕྱོགས་གསུམ་གྱི་ཆིངས་ཡིག་ལ་རྒྱ་ཕྱོགས་ནས་ལག་རྟགས་མ་ཕབ་པས་བོད་རྒྱ་ནག་གི་མིང་ཙམ་གྱི་ཁོངས་གཏོགས་ཟེར་བ་དང་།  བོད་ཕྱི་ནང་གཉིས་སུ་དབྱེ་བ་སོགས་ཀྱི་དོན་གནད་ཆིངས་གསལ་རྣམས་རང་བཞིན་གྱིས་བརྩིས་མེད་ཆགས་སྟབས་བོད་རང་དབང་གནས་སྟངས་སྔར་བཞིན་རང་སོར་གནས་ཐུབ་བྱུང་བ་མ་ཟད།  དབྱིན་བོད་མཐུན་གྲོས་ཀྱི་ཆིངས་ཡིག་བཞག་པས་བོད་ལ་དགོས་པའི་རྒྱབ་སྐྱོར་རེག་པ་སོགས་ཀྱིས་བོད་ཀྱི་གནས་སྟངས་ལྷན་ཚོགས་མ་འཚོགས་གོང་ལས་བདེ་འཇགས་ཇེ་བརྟན་དུ་སོང་ཡོད།  དབྱིན་གཞུང་ལ་བྱང་ཕྱོགས་སུ་མཛའ་འབྲེལ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་སོར་གནས་ཐུབ་པ་བྱུང་བས་རྒྱ་གར་གྱི་བདག་དབང་བརྟན་གནས་དང་།   ཧིན་བོད་བར་གྱི་ས་མཚམས་དབྱེ་འབྱེད།   དེ་བཞིན་ཚོང་གི་འབྲེལ་ལམ་གང་འཚམས་གསར་གཏོད་ཐུབ་པ་བྱུང་བ་མ་ཟད།   དབྱིན་ཇིའི་ཚོང་འབྲེལ་སྐུ་ཚབ་རྒྱལ་རྕེ་ནས་རང་དབང་ཐོག་ལྷ་སར་བསྐྱོད་དེ་བོད་གཞུང་དང་ཐད་ཀར་འབྲེལ་ལམ་བྱེད་ཆོག་པ་བཅས་ཀྱི་ཁེ་ཕན་བྱུང་ཡོད།  རྒྱ་ཕྱོགས་ནས་ཆིངས་ཡིག་ལ་མིང་རྟགས་མ་བཀོད་པ་དེས་བོད་ཀྱི་ཤར་ཕྱོགས་ས་ཁྱོན་གང་འཚམས་ཤིག་༡༩༠༨དང་༡༩༠༩ནང་རྒྱ་དཔོན་ཀྲའོ་ཨེར་ཧྥེང་གིས་མངོན་སུམ་འཛེམས་མེད་ཀྱིས་བོད་ས་བཙན་བཟུང་བྱས་པའི་ས་ཁུལ་དེ་དག་མུ་མཐུད་བཙན་བཟུངས་བྱེད་རྒྱུ་ཙམ་མ་གཏོགས།  དེ་ལས་གཞན་པའི་ཁེ་ཕན་གང་ཡང་བྱུང་མེད།
  • མཇུག་གི་གཏམ།
  • སྤྱིར་གུས་པར་སྐྱེས་སྦྱངས་ཀྱི་བློ་གྲོས་ཤིན་ཏུ་དམན་པ་དང་ཡང་སྒོས་ཁ་བ་གངས་ཅན་པའི་ལོ་རྒྱུས་མུ་ཏིག་སྟར་ལ་བརྒྱུས་པའི་ལོ་རིམ་འདས་ཀྱི་བྱུང་རབས་ཟབ་མོའི་ནང་གི་ཀྱོག་མཚམས་གལ་འགངས་ཆེས་ཆེར་ལྡན་པ་ཞིག་ལ་ཁེལ་བས་རང་བློས་གང་ལྕོགས་ཀྱིས་དཔྱད་ཞིབ་བྱས་ཀྱང་།  དུས་ཚོད་བྲེལ་སོང་ཞིག་ནང་དཔྱད་གཞིའི་ཡིག་་ཆ་འཚོལ་སྒྲུབ་ཆ་ཚང་བ་ཞིག་འཚོལ་ཁོམས་མ་བྱུང་བ་སོགས་ཀྱིས་དཔྱད་བརྗོད་འདིའི་མགོ་མཇུག་བར་གསུམ་དུ་ཚིག་དོན་གཉིས་ཆར་མ་འབྲེལ་བ་དང་།  མ་རྟོགས་པའི་ནོར་འཁྲུལ་གང་མང་ཞིག་ཅིས་ཀྱང་ཡོད་ངེས་པས་བོད་རྒྱ་མི་རིགས་གཉིས་ཀྱི་འབྱུང་འགྱུར་ཞི་བདེ་དང་།  བརྟན་ལྷིང་།  མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་བཟང་པོ་ཞིག་ཏུ་གནས་པའི་སྒོ་ནས་ཕན་ཚུན་ཡིད་ཆེས་བློ་ཁེལ་ངང་དུས་རབས་ཉེར་གཅིག་པའི་འཁྲུག་ཆ་ལྡན་པའི་འཛམ་གླིང་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་དཔལ་ཡོན་དང་མཉམ་དུ།   ནང་བསམ་བློ་ཡར་རྒྱས་མིང་དོན་མཚུངས་པའི་སྤྱི་ཚོགས་རང་སྐྱིད་གཞན་སྨོན་ཞིག་མ་འོངས་པར་མངོན་འགྱུར་ཡོང་ཕྱིར། བོད་རྒྱ་མི་རིགས་གཉིས་ཚད་མཐོའི་མདུན་བསྐྱོད་ཐུབ་པ་ལ་ལྷག་བསམ་རྣམ་པར་དཀར་བའི་བོད་རྒྱ་གཉིས་ཀྱི་མཁས་པའི་གོ་སར་ཞུགས་པ་རྣམས་ཀྱིས་དགོངས་འཆར་འཛེམས་མེད་ལྷུག་སྩོལ་ཡོང་བའི་རེ་འདུན་ཞུ།།
  • དཔྱད་གཞིའི་ཡིག་ཆ་ཁག་གི་མཚན་བྱང་།
  • ཞྭ་སྒབ་པའི《སྲིད་དོན་རྒྱལ་རབས》མ་ཡེ་ཁལ་སྭི་ཝན་ཝལཊ་ཝན་པ་རག་གི་《བོད་ཀྱི་གནས་བབས》དབང་རྒོད་སོགས་ཀྱིས་བརྩམས་པའི་《བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ》རྒྱལ་མོ་འབྲུག་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་《ལོ་རྒྱུས་གཡུ་ཕྲེང་།》སོའུ་ཝེན་ཆེན་གྱི་《ཁ་བ་རི་བའི་ལོ་རྒྱུས་ཡིད་དགའི་ཕྲེང་བ།》བོད་རང་སྐྱོང་ལྗོངས་བོད་ཀྱི་སྲིད་དོན་རྒྱལ་རབས་བལྟ་བསྡུར་མཆན་འགོད་ཚོགས་ཆུང་ནས་བརྩམས་པའི་《བོད་ཀྱི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་དངོས།》རིན་ཆེན་བུས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་སློབ་གཞི་བློ་གསར་འཇུག་པའི་འབབ་སྟེགས།》ཞེ་བོ་བློ་བཟང་དར་རྒྱས་དང་བྱམས་པ་བསྟན་འཛིན་གཉིས་ནས་རྩོམ་སྒྲིག་བྱས་པའི་《བདེན་རྫུན་འོ་ཆུ་འབྱེད་པའི་དགག་བཞག་ངང་པའི་རྒྱལ་པོ།》
Advertisements
This entry was posted in དཔྱད་རྩོམ།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s