གསེར་ཐང་དགོན་མཁས་མང་བཤད་སྒྲུབ་གླིང་།

བསེ་རོང་འོད་ཟེར།

བོད་གངས་ཅན་གྱི་ཤར་མཐར་གནས་པའི་ཐེ་བོ་བསེ་བོ་རོང་གི་གསེར་ཐང་དགོན་མཁས་མང་བཤད་སྒྲུབ་གླིང་ནི། རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་གསེར་ཐང་སྤྲུལ་པའི་སྐུ་རིན་པོ་ཆེ་སྐུ་ཕྲེང་དང་པོ་བླ་མ་ཐུབ་བསྟན་གྲགས་པས་ཕྱག་འདེབས་མཛད། ཁོང་རབ་བྱུང་བཅུ་གཉིས་པའི་མེ་ཕག་ཕྱི་ལོ་ ༡༧༠༧ ལོར་སྐུ་འཁྲུངས་ཤིང༌། སྐུ་ན་གཞོན་དུས་ནས་ནགས་མདོ་དགོན་པར་ཕེབས་ཏེ་བླ་མ་དམ་པ་བྱང་ཆུབ་མི་ལ་ཞེས་བྱ་བའི་དྲུང་ནས་རབ་ཏུ་བྱུང༌། ཁོང་གི་བླ་མ་དམ་པ་བྱང་ཆུབ་མི་ལ་དགོངས་པ་རྫོགས་རྗེས་མི་འགས་དཔོན་ཆེན་དམག་ཟོར་མགོན་པོ་ལ་ཕྲ་བཅུག་པའི་བྱེད་པ་ངན་པ་ལ་བརྟེན་ནས་དཔོན་པོས་ཁྲིམས་ཆད་ཕོགས་ཀྱང༌། ཁོང་གི་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐར་པ་འགའ་ཞིག་ལ་བརྟེན་ནས་རྒྱལ་པོ་དད་པས་འབུལ་ཆེན་བཏེགས་ཤིང༌། བླ་ཆེན་གྱི་མཚན་ཐོ་ཕུལ། དེ་ནས་རང་ཡུལ་དུ་ཕེབས་ཏེ་དགུང་ལོ་བཞི་བཅུའི་ཐོག་དགོན་པ་ཕྱག་འདེབས་མཛད་ཅིང༌། ཀིརྟི་ནམ་མཁའ་ཐོགས་མེད་ཀྱིས་ལུང་བསྟན་གནང་བ་ལྟར་བྱ་བཟང་རྒྱབ་རི་ནས་བདེ་མཆོག་ཕོ་བྲང་གི་གནས་སྒོ་གསར་དུ་ཕྱེ། གསེར་ཐང་སྐུ་ཕྲེང་གཉིས་པ་མཁས་གྲུབ་འཕྲིན་ལས་དབང་ཕྱུག་ཅོ་ནེ་ཨ་སྨོ་ན་སྤྲུལ་པའི་སྐུ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང༌། སྐུ་ན་གཞོན་དུས་ནས་གདན་ས་སྟག་ཚང་ལྷ་མོའི་རྒྱུད་གྲྭར་ཞུགས། ཐཱ་ལ་སྤྲུལ་པའི་སྐུ་བླ་མར་བསྟེན་ནས་གསན་བསམ་མཛད། གསེར་ཐང་སྐུ་ཕྲེང་བཞི་པ་བློ་གྲོས་བཟང་པོ་འཕྲིན་ལས་རྒྱ་མཚོ་དགུང་ལོ་བཅུ་བའི་ཐོག་ནས་གདན་ས་སྟག་ཚང་ལྷ་མོར་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གྱིས་མཁས་པར་སྦྱངས། ཚོང་རུའི་ཁྲིར་བསྐོས་པ་ལྟར་ཕེབས་ཏེ་ཁྲི་ལོ་གསུམ་གྱི་རིང་འགྲོ་ཕན་རླབས་ཆེན་བསྐྱངས། གསེར་ཐང་སྐུ་ཕྲེང་ལྔ་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དགུང་ལོ་བཅུ་གཅིག་ཐོག་གདན་ས་སྟག་ཚང་ལྷ་མོའི་མཚན་ཉིད་ཀྱི་ཆོས་གྲྭར་ཞུགས། འབྲིང་བ་ཨ་ཁུ་བསམ་གཏན་ཚང་གི་མདུན་ནས་དགེ་ཚུལ་གྱི་བསླབ་པ་མནོས། བཤེས་གཉེན་ཆེན་པོ་གཟའ་རུ་ཨ་ཁུ་དཀོན་མཆོག་ཚང་ཡོངས་འཛིན་སྐོས་པའི་དྲུང་ནས་གཞུང་ཆེན་ཁག་ལ་གསན་བསམ་རྡོ་རུས་ཐུག་པ་མཛད། ཕྱི་ལོ་ ༡༩༨༧ ལོར་གདན་སའི་ཚོགས་ཆེན་ཁྲིར་ཕེབས་ཏེ་ཆོས་སྲིད་ཀྱི་བྱེད་སྒོ་མཐའ་དག་འཐུས་ཤོར་མེད་པར་མཛད། སྔ་མོ་ྋསྐྱབས་མགོན་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་དང་ྋསྐྱབས་མཆོག་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཉི་མ་རྣམ་གཉིས་ཡུལ་ཕྱོགས་འདིར་ཕེབས་ཏེ་ཆོས་སྲིད་ཀྱི་མཛད་པ་རླབས་ཆེན་བསྐྱངས་པར་མ་ཟད། ཡུལ་འདིའི་སྤྱིའི་གཞི་བདག་ཨ་མྱེ་སྨོན་ལམ་དང༌། ཨ་མྱེ་འཆར་ཀ ཨ་མྱེ་བཙན་ལྷ། ཡར་རུའི་གཡུ་མཚོ་བཅས་ལ་ཐུན་མོང་དུ་བསང་རིང་མཛད་ཅིང༌། ཡུལ་འདིར་སྔར་ནས་ད་ལྟའི་བར་སློབ་དཔོན་གྱི་ཚེས་བཅུ་རྒྱུན་མ་ཆད་པར་འཚོགས་པའི་སྲོལ་འདུག་ཅིང༌། ཚེས་བཅུ་འཚོགས་སྐབས་གྲུབ་དབང་བསྟན་པའི་རྒྱལ་མཚན་ཚང་གི་ཞབས་བརྟན་གསོལ་འདེབས་གྲུ་འཛིན་མ་གསུངས་པའི་སྲོལ་འདུག་པ་ལ་གཞིགས་ན་ཚེས་བཅུ་འདི་གྲུབ་དབང་ཁོང་གིས་གསར་འཛུགས་མཛད་པ་ཡིན་ནམ་སྙམ་པ་ཡོད། ྋསྐྱབས་མཆོག་བདུན་པ་ཐུབ་བསྟན་ཉི་མ་ཚང་ཡུལ་འདིར་དགོངས་པ་མཛད་པའི་ཚུལ་མཛད། ྋསྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གིས་སེ་བོ་རོང་གི་ལུང་པ་འདིར་འབྱོན་དགོས་པའི་རེ་བ་ལན་མང་ཞུས་ཀྱང༌། འགྲོ་མ་ཐུབས་པས་སྙིང་རྗེ་བ་ཞིག་འདུག་ཅེས་རྣམ་ཐར་ཆེན་མོར་གསལ་བ་བཞིན་བླ་མའི་ཐུགས་རྗེའི་ར་གུར་ལས་མ་དོར་བའི་རྣམ་འགྱུར་གསལ་བར་མཛད། ཕྱིས་སུ་ྋསྐྱབས་མགོན་འདི་པ་གདན་འདྲེན་ལན་མང་ཞུས་ཀྱང་དུས་འགྱུར་སོགས་ཀྱི་དབང་གིས་ཕེབས་མ་ཐུབ་མོད། ཕྱི་ལོ་ ལོར་མཚན་ཞབས་མཁན་པོ་ཚང་གདན་སའི་ཚོགས་ཆེན་གྱི་ཁྲིར་བཞུགས་སྐབས་གསེར་ཐང་ཚང་གི་དབོན་པོ་བློ་བཟང་གིས་གཙོས་བྱང་པ་དགོན་གྲོང་ཐུན་མོང་ནས་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ། དགོན་གྲོང་ཡོངས་ལ་ཀུན་རིག་གི་བཀའ་དབང་གནང༌། ཕྱིས་སུ་ཚོགས་ཆེན་ཁྲི་ཟུར་ཨ་ལགས་གསེར་ཐང་སྤྲུལ་པའི་སྐུ་རིན་པོ་ཆེའི་ཐུགས་རེ་བཞིན་གདན་ས་ནས་ཨ་ཁུ་བློ་ཁོ་སོགས་རྒྱུད་པའི་འདོན་བཟང་པ་འགའ་ཆེད་ཕེབས་ཀྱིས་གསེར་ཐང་དགོན་པར་གསང་འདུས་ཀྱི་བདག་འཇུག་གསར་འཛུགས་མཛད་པ་སོགས་འདོན་རྟ་དབྱངས་དང༌། འབུད་བརྡུང་དཀྲོལ་གསུམ། ཐིག་རྡུལ་ཚོན་སོགས་ཕྱག་སྲོལ་ཕྲ་རགས་ཀུན་ལ་མཐོང་བ་བརྒྱུད་པའི་ཕྱག་ལེན་མ་ཉམས་པའི་རོགས་ཕན་རྒྱ་ཆེན་མཛད། ད་ལྟར་ཡང་དགོན་བདག་གདན་སའི་ཚོགས་ཆེན་ཁྲི་ཟུར་ཨ་ལགས་གསེར་ཐང་སྤྲུལ་པའི་སྐུ་རིན་པོ་ཆེའི་ནང་ཆེན་འདི་ག་གདན་ས་ཆེན་པོ་སྟག་ཚང་ལྷ་མོར་བཞེངས་པ་སོགས་དགོན་པ་ཕན་ཚུན་བར་ཆོས་དང་དམ་ཚིག་གི་འབྲེལ་བ་ཡར་ལྡན་དུ་མཆིས།

Advertisements
This entry was posted in ལོ་རྒྱུས་ལྡན་པའི་སྐུ་པར།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s