ཐོལ་བྱུང་ཡིད་མཚོའི་རླབས་རིས།

བསེ་རོང་འོད་ཟེར།

སྐྱ་རེངས་ལྷ་མོ་རྒོད་པའི་འཛུམ་བག་ལས།།

འཕྲོས་པའི་ཉི་ཟེར་དབྱུག་འཛིན་དབྱུག་པ་ཡིས།།

སྤྲོ་སེམས་རབ་ཏུ་འཕེལ་བའི་བྱ་བྱེ་ཚོས།།

སྙན་འཇེབས་གྲེ་འགྱུར་དབྱངས་རྟར་དྲངས་ལ་བྲེལ།།

 

དབེན་གནས་ནག་ཁྲོད་བཞད་པའི་བྱེས་གྲྭའི་ཚལ།།

ཐོས་བསམ་རྒྱ་མཚོར་གཉེར་བའི་རླབས་རིས་ལས།།

བྱུང་བའི་སྙན་འཇེབས་ཐོས་འཛིན་ལྷུང་བ་ཡིས།།

སྒྱུ་འཕྲུལ་རྨི་ལམ་ཞིང་ནས་ལན་གཅིག་སད།།

 

བདུན་ཕྲག་གཅིག་གི་དགའ་ཤོས་རིས་མེད་བཀའ།།

རེས་གཟའ་ཉི་མ་སྐྱེས་རྒུར་ཤར་ན་ཡང་།།

ཟླ་གསུམ་རྒྱུགས་སྤྲོད་ཅིག་གིས་བྱེས་གྲྭའི་ཚལ།།

འབད་འབྲས་རེ་བའི་དྲ་བར་ཚུད་ལ་བྲེལ།།

 

ཟླ་གསུམ་གཅིག་གི་སློབ་ཚན་སྦྱོང་བྱའི་གནད།།

ཐོས་བསམ་རྒྱུད་ལ་སྦྱར་བའི་ངེས་ཤེས་ཚད།།

རིགས་པའི་རྣམ་དཔྱོད་རྩལ་ལས་ཤོག་དཀར་ངོས།།

བརྙན་འཕྲིན་ཟློས་གར་བཞིན་དུ་སྟོན་ལ་བྲེལ།།

 

སྦྱོང་འབྲས་བུ་མོ་ཤོག་དཀར་འཁྱུག་པ་ལས།།

ངེས་ཤེས་སྤྲོ་སྣང་སྟེར་བའི་ཚོར་བ་ཞིག།།

དམར་སྙིང་འགྲོས་དང་ལྡེམ་ནས་མཁའ་དབྱིངས་སུ།།

རྒོད་པོའི་གཤོག་རླབས་གནམ་འཕང་སྐྱོད་ལ་འཕྱ།།

 

རྣམ་དཔྱོད་རྩལ་དང་ལྡན་པའི་ངང་ཉིད་ལས།།

གཞུང་ཚན་དོན་གནད་འགྲེལ་བའི་ལས་དབང་འདི།།

བསམ་གཞིག་གནད་ལ་ཕུག་དུས་ངེས་འབྱུང་ཞིག།།

སེམས་ཀྱི་དེ་ཉིད་འཐིམས་དུས་ལྷག་པར་སྤྲོ།།

 

མི་ཚེ་ཕྱིར་མིག་སྟོང་བའི་དུས་སྐབས་འདིར།།

རིག་པའི་གནས་ལ་རང་བློས་གང་ལྕོགས་ཀྱིས།།

འབད་འབུང་བྱས་ཏེ་མ་འོངས་འདུན་ལམ་ཞིག།།

མ་སྙེགས་འདི་ལྟར་འདས་དགོས་བྱུང་ན་སྐྱོ།།

 

སྔོན་ལས་ཤིག་གིས་གོ་ལ་ཧྲིལ་བོར་འདིར།།

མ་བསམ་ལུས་ཀྱི་ལྟེ་ཁྲག་འཕོས་དགོས་པ།།

ཟློག་ཏུ་མེད་པའི་རི་གཟར་རྦབ་རྡོ་བཞིན།།

བྱུང་ཡང་དོན་སྙིང་ལྡན་ན་ཕུན་ཚོགས་གཞི།།

 

དེང་རབས་ཉེས་བྱས་འཕེལ་རླབས་དྲག་པོ་ཡིས།།

ཆོས་ལྡན་རྒྱལ་ཁབ་མི་རིགས་རིག་གནས་སོགས།།

ཆག་འཇིག་གཉན་འཕྲང་ལྷུང་བའི་དུས་སྐབས་འདིར།།

སྐྱབས་མཆོག་ཁོང་གི་དགོངས་བཞད་ལྷག་པར་ལྕི།།

 

གཟུ་གནས་བྱེས་གྲྭའི་གྲྭ་རྐྱང་སློབ་བུ་ཚོས།།

རང་ཡུལ་ཆོས་ལྡན་ཞིང་ལ་འཕྲེང་བཞིན་དུ།།

རང་བློས་གང་ལྕོགས་བཀའ་བཞིན་མཉེས་བྱས་ཏེ།།

རང་ཡུལ་གངས་ལྗོངས་སླར་གསོར་བྲེལ་འདི་རྨད།།

 

མ་འོངས་གཞིས་བྱེས་མཉམ་འཛོམས་བྱུང་བའི་དུས།།

རྒྱལ་ཁམས་འགྲིམས་པའི་ལེགས་སྐྱེས་དང་པོ་དེ།།

ཤེས་རིག་ཡོན་ཏན་འདབ་གཤོག་གཉིས་ལྡན་གྱིས།།

རང་ཡུལ་བསྐྱར་གསོའི་ཡོན་ཏན་ཕུལ་འདི་ཡིན།།

 

གཅེས་ཤིང་འཕངས་པའི་བྱམས་བརྩེ་ཨ་མ་ཡིས།།

སྐྱེད་པའི་ལྟེ་ཁྲག་གངས་ལྗོངས་འཕོས་ན་ཡང་།།

དེང་རབས་ཉེས་བྱས་དུག་རླངས་འཕྱུར་བ་འདིས།།

རེ་ཞིག་འཕགས་ཡུལ་ཚལ་དུ་འདུག་དགོས་བྱུང་།།

 

 

 

 

 

 

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s