འབྲུག་དཀར་གཙང་པོའི་འགྲམ་ངོགས་སུ་གནས་པའི་ཐེ་བོ་སྨད་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་ཅུང་ཟད་གླེང་བ།

བསེ་རོང་འོད་ཟེར།

ཐོག་མའི་གླེང་གཞི།

༄༅།། གངས་རིའི་མུ་ཁྱུད་ཀྱིས་སྐཎོར་ཞིང་ལྷོ་ཨེ་ཤ་ཡའི་སྙིང་དབུས་སུ་ཁྱིམ་གཞིས་བཅས་པའི་ཁ་བ་གངས་ཅན་པ་ཚོས་ད་ལྟ་ང་ཚོས་མཐོང་ཆོས་སུ་གྱུར་པའི་བོད་མིའི་ཡུལ་སྲོལ་གོམས་གཤིས་གང་མཆིས་དེབ་ཐེར་ཁག་ཏུ་འགོད་རྒྱུར་དོ་སྣང་དེ་ཙམ་མེད་པའི་དབང་གིས། འདས་ཟིན་པའི་ང་ཚོའི་གནས་ཚུལ་མང་པོ་ཞིག་དེབ་ཐེར་ཁག་ཏུ་བཙལ་ཀྱང་རྙེད་ཐབས་བྲལ་བར་བརྟེན། ད་ལྟ་མཐོང་ཆོས་སུ་གྱུར་པ་གང་མཆིས་དེབ་ཐེར་ནང་འགོད་གང་ཐུབ་བྱ་དགོས་པ་ང་ཚོར་ལོ་རྒྱུས་ཀྱིས་བསྐུར་བའི་འོས་འགན་གཡོལ་ཐབས་བྲལ་བའི་གནས་སྟངས་འདི་ངོས་ཟིན་པའི་སྒོ་ནས་བོད་མིའི་ཡུལ་སྲོལ་གོམས་གཤིས་མཐོང་ཐོས་མྱོང་གསུམ་གང་མཆིས་རང་ནུས་ཡོད་དགུ་རྩལ་དཀྲུགས་ཀྱིས་ལོ་རྒྱུས་ཡིག་ཚང་ནང་དགོད་ཐབས་བྱ་དགོས་པའི་གལ་གནད་དང༌། རྒྱ་ནག་གཞུང་གིས་དུམ་བུར་བཏང་ནས་དབང་འགྱུར་བྱ་ཞེས་པའི་རྩ་བའི་སྲིད་བྱུས་བོད་ཐོག་དངོས་སུ་ལག་བསྟར་བྱས་ཏེ། བོད་ས་ཡོངས་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཟླ་སྒྲིལ་གྱིས་དུམ་བུ་མང་པོར་བཏང་བ་བཞིན་ཐེ་བོའི་ཡུལ་ལུང་འདི་ཡང་རྫོང་ཁག་ཁ་ཤས་སུ་དུམ་བུར་བཏང་བའི་ནང་ནས་ལྷ་མོ་གནས་ཆུའམ་ཐེ་ཆུ་ཞེས་པའི་གཙང་པོ། དེང་སང་འབྲུག་དཀར་གཙང་པོ་ཞེས་འབོད་པའི་འགྲམ་ངོགས་སུ་ལོ་ངོ་སྟོང་ཕྲག་ལྷག་རིང་གནས་སྡོད་བྱས་པའི་ཐེ་བོ་སྨད། དེང་སང་རྒྱ་ནག་གཞུང་གིས་འབྲུག་ཆུ་རྫོང་ཞེས་མིང་གསར་དུ་བཏགས་པའི་ནང་རི་རྙིལ་དང་ཆུ་ལོག་འདྲེས་མས་གནོད་འཚེ་ཚབས་ཆེན་འདས་པའི་ཐེ་བོའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མིས་བཟོས་པའི་རང་བྱུང་འཁོར་ཡུག་གི་གནོད་འཚེ་སྲུབ་ཐབས་བྲལ་བ་འདི་བྱུང་སྐབས། ས་ཁུལ་འདི་ལ་ཆ་རྒྱུས་མེད་པ་མ་ཟད་བོད་སྤྱིའི་ལོ་རྒྱུས་ཀྱི་ཡིག་ཚང་ལ་མགོ་བོ་བ་གླང་ལས་རྨོངས་པ་འགའ་ཤས་ཀྱིས་མི་ཤེས་ཤེས་དོག་གིས་ས་ཁུལ་འདི་དག་བོད་ས་ཡིན་མིན་དང༌། ས་ཁུལ་འདིར་ལོ་ངོ་སྟོང་ཕྲག་ལྷག་རིང་བོད་མི་རིགས་ཀྱི་མཐའ་མཚམས་ལྕགས་རི་ལྟ་བུ་འདུ་ཤེས་མ་བརླགས་པའི་སྒོ་ནས་བོད་མི་རིགས་ཀྱི་གདོད་མའི་ཕ་སྐད་ཆས་གོས་སོགས་དམ་འཛིན་ལམ་ནས་ལོ་ངོ་འདི་འདྲའི་རིང་དཀའ་ངལ་བརྒྱ་ཕྲག་མང་པོ་ཆད་བསད་ཀྱིས་བོད་མིའི་རང་གཤིས་མ་བརླགས་པར་བསྡད་པར་རྒྱབ་སྐྱོར་བྱ་རྒྱུ་ལས་ལྡོག་ཏེ། ཁོང་ཚོ་བོད་རིགས་མི་དོག་ཁ་པོ་བཤད་མཁན་ཁ་ཤས་ཀྱིས་བྱས་ཉེས་དབང་གིས་མཐའ་མཚམས་སུ་གནས་པའི་བོད་མི་འདི་ཚོ་བོད་རིགས་ཡིན་མིན་གྱི་གླེང་གཞི་ཅུང་ཙམ་འབྱུང་བཞིན་པ་སོགས་ལ་གསལ་འདེབས་ཚུལ་དུ་ཐེ་བོ་སྨད་རྒྱུད་སྐོར་ཅུང་ཟད་གླེང་འདོད་བྱུང༌། སྤྱིར་བོད་མིའི་གོམ་གཤིས་ལ་དུས་རབས་སོ་སོའི་མིས་དུས་སྐབས་དེའི་གནས་ཚུལ་འབྲི་རྒྱུ་གོམ་སྲོལ་མེད་པ་སོགས་ཀྱིས་བོད་མིའི་ནང་ཁུལ་ཕན་ཚུན་གནས་ཚུལ་ཞིབ་ཕྲ་གོ་རྟོགས་ཀྱི་འདུ་ཤེས་ཞན་པ་དང༌། ལྷག་དོན་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་ན་ཚོད་དཔག་ལམ་ནས་གཏན་འབེབས་བྱས་ན་མ་གཏོགས་དུས་སྐབས་དེར་དངོས་སུ་འཚོ་བཞུགས་བྱས་པ་ཚོས་བྲིས་པ་ཧ་ཅང་དཀོན་པ་མ་ཟད། བོད་མིའི་ཡུལ་སྲོལ་གོམ་གཤིས་སོགས་སྤྱི་ཚོགས་རང་བཞིན་ཞིབ་འབྲི་བྱེད་མཁན་དེ་བས་མེད་པར་གྱུར། དུས་རབས་ཉི་ཤུ་པའི་ནང་བྱོན་པའི་མཁས་དབང་རྣམ་གཉིས་ཀྱིས་འདིའི་ཐད་སྡོམ་ཚིག་བཀོད་དོན། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས་༼བོད་མི་ཚོས་ད་ལྟ་བའི་གནས་ཚུལ་ཞྭ་གོས་སོགས་དེབ་ཐེར་ནང་འགོད་རྒྱུའི་བསམ་བློ་འཁོར་གྱི་མེད་པས་འདི་ནས་ལོ་བརྒྱའི་རྗེས་སུ་གང་གིས་མི་ཤེས་པའི་གནས་སུ་ཆགས་ངེས་༽ཞེས་གསུངས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་༼རང་རེས་བརྗོད་གཞི་གང་ཞིག་བཞག་ཀྱང་བརྗོད་གཞི་དེའི་འདས་པ་དང་མ་འོངས་པའི་རྗེས་བསྙེགས་ནས་འགྲོ་བ་ལས་ད་ལྟ་བ་འདི་བརྗོད་གཞི་མིན་པ་ལྟ་བུ་མཐོང་གི་ཡོད། དེར་བརྟེན་རྩོམ་སྒྲིག་པ་ཚོས་ཀྱང་ད་ལྟ་བའི་སྐོར་མང་པོ་འབྲི་སྲོལ་མེད་པས། ད་ལྟ་བའི་གནས་ཚུལ་རྣམས་ལོ་བརྒྱ་ཕྲག་འགའ་ཤས་ཕྱིན་པའི་རྗེས་གསལ་པོ་ཤེས་རྟོགས་མི་ཐུབ་པ་ཆགས་ཀྱི་ཡོད་༽ཅེས་གསུངས། དེས་ན་ང་ཚོས་ཁ་བ་གངས་ཅན་པ་ཡོངས་ཀྱི་གནས་ཚུལ་ཞིབ་འབྲི་མ་ཐུབ་ཀྱང་རང་ཉིད་དང་འབྲེལ་བའི་ཉེ་འཁོར་གྱི་གནས་ཚུལ་གང་མཐོང་བྲིས་པ་འདིས་བྱ་བརྒྱ་རྡོ་གཅིག་གིས་དཀྲོག་པའི་དཔེ་ལྟར་བོད་མིའི་ཡུལ་སྲོལ་གོམས་གཤིས་གང་འཚམས་མཚོན་ཐུབ་པའི་རེ་བ་དང་བཅས་གང་ཤེས་སྨྱུག་རྩེ་ལམ་ནས་བརྗོད་པར་བྱ།

དང་པོ། ཡུལ་མིང་གི་འབྱུང་ཁུངས་འཚོལ་བ།

སྤྱིར་ཡུལ་ཕྱོགས་འདིའི་མིང་ཕལ་ཆེར་བོད་རྒྱལ་བཙན་པོའི་དུས་སྐབས་སུ་དབུས་གཙང་སོགས་ལས་བཏང་བའི་དཔུང་དམག་གིས་བཙན་བཟུང་བྱས་སྐབས་དམག་རུ་སོ་སོའི་མིང་ཡུལ་ལ་ཐོག་པར་ངེས། དཔེར་ན། འ་ཞ་དམག་རུ་དང༌། རྡོ་ར་ཁོག་དམག་རུ། སྟག་ཤར་དམག་རུ། ཨེན་འཛི་དམག་རུ། ཁ་པ་ཀླུ་ཕྱུག་དམག་རུ། ཉིན་ངོ་བར་གཙང་དམག་རུ། རྒྱ་ནེ་དམག་རུ། གཙང་པ་དམག་རུ་སོགས་ཀྱི་དམག་རུ་ཞེས་དུས་ད་ལྟའང་འབོད་བཞིན་པ་དང༌། མི་རབས་ནས་མི་རབས་བརྒྱུད་ནས་ཡོང་བའི་ངག་རྒྱུན་ལོ་རྒྱུས་དང༌། ཏུང་ཧོང་ནས་ཐོན་པའི་གཏེར་ཡིག གཞན་ཡང་བོད་ཀྱི་དེབ་ཐེར་ཁག་ཏུ་གསལ་བ་སོགས་ལས་ར་སྤྲོད་ཐུབ་པར་ངེས། ཡུལ་འདི་དག་ལ་སེར་པོ་རོང་ཞེས་མིང་ཐོག་མར་ཇི་ལྟར་ཐོག་པའི་ཚུལ་ལའང་རྒན་རབས་པ་ཚོའི་གསུང་རྒྱུན་ལ། མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་མོ། ༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ། སྟག་ཚང་ལྷ་མོ་ཀིརྟྀ་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ནང་ཐེངས་དང་པོར་ཐེ་བོ་སྨད་མའམ་དེང་སང་འབྲུག་ཆུ་རྫོང་ཁོངས་དག་ཡིག་ཁོགས་ཁུལ་གྱི་སེར་པོ་ཤོག་པ་ནས་ཕེབས་པའི་གྲྭ་རྒྱུན་ཚོར་ཕ་ཡུལ་དྲིས་དུས་ཁོང་ཚོས་སེར་པོ་གཤོང་ནས་ཡིན་ཞེས་པས་རྗེས་སུ་ཨ་མདོའི་་འབྲོག་སྐད་དང་བར་ཐག་རིང་བའི་ཐེ་བོ་སྨད་མ་ཡོངས་ལ་སེར་པོ་རོང་ཞེས་མིང་དེ་འཇགས་པར་བཤད། སེར་པོ་རོང་ཞེས་པའི་མིང་ཚིག་འདི་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་དེའི་ཉེ་འགྲམ་འགའ་ཤས་མ་གཏོགས་གཞན་པས་ས་ཁུལ་འདི་ལ་ཐེ་བོ་ཞེས་འབོད་པ་མ་གཏོགས་སེར་པོ་རོང་ཞེས་བོས་ན་གོ་མྱི་མ་མཐོང༌། གདན་ས་ཁག་གི་ཁང་ཚན་ཡང་ཐེ་བོ་རང་ཡིན་པ་འབྲས་སྤངས་ཐེ་བོ་ཁང་ཚན་གདག་གཉེར་བྱེད་མཁན་ཨ་ཁུ་མཁས་གྲུབ་སོགས་ལས་ཤེས་ཐུབ། མདོ་སྨད་ཆོས་འབྱུང་ནང་ཐེ་བོ་ཨོ་གཙང་དགོན་པ་མན་ཆད་ཐེ་བོ་སྨད་ཞེས་བཀོད་པ་མ་གཏོགས་སེར་པོ་རོང་ཞེས་མིང་ཟུར་ཙམ་ཡང་མི་གསལ་མོད། འོན་ཀྱང་ཐེ་བོ་དཀོན་མཆོག་འཕྲིན་ལས་ཚང་གིས་གསེར་ཐང་དགོན་པའི་གདན་རབས་ནང་བསེ་རོང་ཞེས་བཀོད་ཀྱང་ཁོང་ཕལ་ཆེར་སྟག་ཚང་ལྷ་མོར་འབྲེལ་འདྲིས་ཧ་ཅང་ཟབ་པས་མ་དག་རྒྱུན་འཇགས་སུ་བཀོད་པར་ངེས་པས་ངག་རྒྱུན་བཞིན་དག་ཡིག་ཁོགས་ཁུལ་གྱི་སེར་པོ་ཤོག་པ་ཞེས་པའི་མིང་ལས་འཆད་པ་གསལ་པོར་རྟོགས་ཐུབ། གཞན་བོད་མིའི་གདོང་དྲུག་ལས་སེ་ཡི་རུས་རྒྱུད་ལས་ཆད་པས་རུས་མིང་ཡུལ་ལ་ཐོག་པའི་བཤད་སྲོལ་ཞིག་མཆིསཀྱང༌། ཡུལ་ལུང་འདི་དག་ལ་གནས་བཅས་པའི་བོད་མི་ཚོ་བཙན་པོའི་དུས་སྐབས་སུ་མཐའ་སྲུང་བཏང་བའི་དམག་མི་རྣམས་གཙོ་བོར་གཞིས་ཆགས་པ་ཡིན་པས་སྭེ་དང་ལྡོང་སོགས་ཀྱི་རུས་ལས་ཆད་པ་སྨྲ་མ་དགོས་པས་སྭེ་གཅིག་པོར་ངོས་བཟུང་ནས་བཤད་ན་ཁྱབ་ཆུང་དྲག་པས་འཐད་པར་མ་མཐོང༌། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས། ༼དེང་སང་གི་འབྲུག་ཆུ་རྫོང་ཁོངས་ཀྱི་བོད་རིགས་ནི་ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་རིང་ཏུ་བོད་ལྗོངས་ལྷོ་ཁའི་ཀོང་པོ་རྒྱ་མདའ་ས་ཁུལ་ནས་དྲངས་པའི་ས་མཚམས་སྲུང་བའི་རྟ་དམག་གི་རྒྱུད་པ་ཡིན། དེའི་རུས་ནི་བོད་ཀྱི་རུས་ཆེན་གསུམ་གྱི་ནང་ཚན་ལྡོང་ཡིན་ལ། དུས་རབས་དགུ་བར་བོད་བཙན་པོའི་གཅིག་གྱུར་རྒྱལ་ཁབ་སིལ་བུར་ཐོར་མུས། དབུས་ཕྱོགས་སྲིད་གཞུང་དང་འབྲེལ་བ་ཆད་དེ་སི་ཁྲོན་མོ་ཝུན་དང༌། བསྟན་པ། ཟུང་ཆུ། ཀན་སུའུ་ཐེ་བོ། ཐེ་རྒྱུད། བ་ཙེ། འབྲུག་ཆུ་བཅས་ཡུལ་ཁག་རྣམས་སུ་བཀྲམས་ནས་སྡོད་དགོས་པ་བྱུང་མོད། སྐད་རིགས་དང༌། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་གྲུབ་མཐའ། ཡུལ་མིང་དང་མི་མིང་བཅས་ནི་གདོད་མའི་སྲོལ་མ་ཆགས་མ་ཉམས་པར་གནས་ཏེ། དཔེར་ན། དུས་ཆེན་རྣམས་སུ་ལྷ་བསང་བཏང་ནས་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་དུས་ཀོང་པོ་རོང་གི་གཞི་བདག་གི་མཚན་ནས་འབོད་པ། ཡུལ་གོམས་གཞིས་ལུགས་ཀྱི་ཆ་ནས་དཔྱད་ནའང་གནའ་སྔ་མོའི་བོད་ཀྱི་རྟ་དམག་གི་ཆ་བྱད་རྒྱུད་འཛིན་བྱས་ཡོད་༽ཅེས་གསུངས། བོད་མི་རིགས་ཀྱི་གདོད་མའི་བོན་ཆོས་དར་སྔ་བ་འདིའི་ཐོག་ནས་ཀྱང་ཆེས་གནའ་དུས་ནས་བོད་མིས་ཡུལ་འདིར་གཏན་སྡོད་ཀྱི་ཁྱིམ་གཞིས་བཅས་ཡོད་པ་གསལ་བོར་རྟོགས་ངེས། ཡུལ་འདིར་གཙང་པའི་རྒྱུད་ལས་ཆད་པ་ཤིན་ཏུ་མང་བས། ད་ལྟ་གཙང་པ་དམག་རུ་དང༌། སྟོད་གཙང༌། བར་གཙང་སོགས་མང༌། དེང་སང་གི་ཐེ་བོ་རྫོང་དང་འབྲུག་ཆུ་རྫོང་ཁོངས་སུ་ས་མིང་མང་བོ་ཡུལ་དབུས་ཀྱི་ས་མིང་རང་འཇགས་སུ་ད་ལྟའི་བར་མ་ཉམས་ཤིང་དངོས་སུ་འབོད་བཞིན་པ་སོགས་དངོས་ཡོད་གནས་སྟངས་ད་ལྟ་ང་ཚོས་མཐོང་ཆོས་སུ་གྲུབ།

གཉིས་པ། ཡུལ་སྐད་ཀྱི་ཁྱད་ཆོས།

ཡུལ་སྐད་མདོ་སྨད་བྱང་རྒྱུད་ཀྱི་འབྲོག་སྐད་དང་བར་ཐག་ཅུང་ཙམ་རིང་བས་བྱང་རྒྱུད་ཀྱི་འབྲོག་མིས་གོ་དཀའ་ཡང༌། ཡུལ་དབུས་ཀྱི་སྐད་དང་བར་ཐག་ཉེ་ཞིང་མཐུན་ས་མང་བ་མ་ཟད་བོད་བཙན་པོའི་སྐབས་སུ་སྐད་གསར་བཅད་རིམ་པ་གསུམ་ཙམ་མཛད་པ་བོད་ས་ཡོངས་ལ་ཁྱབ་མ་ཐུབ་པའི་ཉེར་ལེན་གྱིས་མཐའ་མཚམས་ཀྱི་ས་ཁུལ་འདིའི་སྐད་ཆ་ཕལ་ཆེ་བརྡ་རྙིང་གིས་བཅིངས་པ་ཧ་ཅང་མང་བར་མཁས་པ་འགའ་ཤས་ཀྱིས་གསུངས་ལ་སྐད་གདངས་ཀྱང་ཧ་ཅང་འཇམ་ཤེད་ཆེས་པ་སོགས་ཡུལ་དབུས་ཀྱི་སྐད་གདངས་དང་ཁྱད་པར་གང་ཡང་མེད་པར་སྣང་བ་སོགས་ཀྱིས་བོད་གདོད་མིའི་ཡུལ་དབུས་ཀྱི་ཕ་སྐད་གཙང་མ་གནས་འདིར་ཉམས་མེད་བརྟན་གནས་བྱས་ཡོད།

གསུམ་པ། ཕོ་མོའི་ཆས་གོས་ཀྱི་རྣམ་པ།

ཡུལ་ཕྱོགས་འདིར་སྐྱེས་པ་ཚོའི་ལྭ་བ་ནི་བོད་ཐུན་མོང་དང་འདྲ་བར་ཕྲུག་ལྭ་དམར་སྨུག་དང༌། སྣམ་བུའི་ལྭ་དཀར། རས་ལྭ་དཀར་ནག ཚ་རུའི་ལྭ་བ་སོགས་ཀྱི་གོང་ཁ་དང་མཐའ་ཤམ་དུ་སྲམ་ལྤགས་དང༌།  ཕྲུག་ཁྲ། གོས་ཆེན། ཆུ་སྐུད་སོགས་ཀྱིས་མཛེས་ཆ་གཏོད་པ་དགའ་སྟོན་རྟེན་འབྲེལ་སོགས་ལ་གྱོན་ཞིང༌། རྒྱུན་གྱི་ངལ་རྩོལ་སྐབས་རས་ལྭ་དང༌། ཟར་ལྭ། སྣམ་བུའི་ལྭ་བ་གོང་ཁ་དང་མཐའ་ཤམ་ཕྲུག་ཁྲ་སོགས་ཀྱིས་མ་རྒྱན་པ་གོན། དགུན་ལྭར་སློག་པའི་གོང་བར་ཁྱིམ་ཚང་འབྱོར་ལྡན་པ་ཚོས་གཟིག་ལྤགས་དང་དེ་མིན་གོང་བ་དང་མཐའ་ཤམ་གཉིས་ཀར་རས་ནག་སྦྱར་ནས་འཐུས་པར་བྱེད་མོད། འོན་ཀྱང༌། རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་ཉག་གཅིག་ཏུ་གྱུར་པ་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས་རི་བོ་ཧི་མ་ལ་ཡའི་རྒྱབ་རོལ་ནས་གཟིག་སྲམ་སྐོར་ལ་བཀའ་སློབ་ཐེངས་གཅིག་གནང་བའི་ཐུགས་རྗེའི་བཀའ་དྲིན་ལ་རྟེན་ནས་གཟིག་སྲམ་སོགས་རྒྱན་ཆར་རློམས་པའི་བོད་མིའི་མི་རབས་ནས་མི་རབས་བརྒྱུད་པའི་བག་ཆགས་གཏིང་ཟབ་དེ་ལས་ཡོངས་སུ་གྲོལ་ཡོད། སྐྱེས་པས་རྐེད་རག་དར་དམར་ལྗང་སྔོ་གསུམ་བཅིངས་པའི་སྣེ་མོ་ཕལ་ཆེར་པུས་མོའི་ཕ་ལོང་མཉམ་ཙམ་འཕྱང་བའི་འོག་ཏུ་སྔོན་ཆད་སྣམ་བུ་དང༌། ཟར་རས་རྐང་སྣམ་གོན་ཡང་དེང་སང་ཕལ་ཆེར་རས་ཀྱི་རྐང་སྣམ་ཁོ་ནར་ངེས། རྐང་མགོར་རས་ལྷམ་སོ་མས་གཙགས་པ་ཡུ་རིང་ཅན་སྐུད་པ་ཚོན་ཁྲ་སྤེལ་མས་ཐགས་པའི་ལྷམ་སྒྲོག་དཀྲིས་པར་བྱེད། དགུན་ཁ་གོ་ལྷམ་འབོལ་རིལ་དང་དེང་རབས་ཀྱི་འཇུར་རྟ་སོགས་གོན། སྐྱེས་མ་ཚོས་སྟོད་ལྭ་ཐུང་ཐུང་གོང་བར་རས་ཁྲའམ་ཆུ་ཕྲུག་བཀོད་པ། ཕུ་དུང་ཁར་རས་སམ་ཆུ་ཕྲུག་འཇའ་ཚོན་ལྟར་བསྒྲུགས་པ་གྱོན་པའི་སྟེང་བལ་ཐགས་རྐེད་རགས་ཞེང་ཆེ་ཚོན་དམར་ཅན་དཀྲིས་པའི་འོག་ཏུ་རྐང་སྣམ་འདོམས་དང་ཉྭ་བར་ཤིན་ཏུ་ཡངས་པ་བོད་གདོད་མའི་ཆས་གོས་དེང་སང་ལྷ་མོ་འཁྲབ་བྱེད་ཙམ་དུ་གྱུར་པའི་རྐང་སྣམ་ས་ཁུལ་འདིར་དུས་ད་ལྟའང་སྔར་སྲོལ་ཉམ་མེད་རྒྱུན་གོན་བྱས་ཡོད། རྐང་མགོར་རས་ལྷམ་སོ་མའི་གཙགས་པ་ཡུ་ཐུང་འགྲམ་གཡས་གཡོན་གཉིས་རས་སྐུད་ཚོས་གཞི་སྣ་ཚོགས་ཀྱིས་རི་མོ་གཙགས་དྲུབ་བྱས་པ་གྱོན། མགོར་ཞྭ་མོ་རས་ནག་ཁ་གང་གྲུ་བཞི་ཅན་སྐྲའི་ལན་བུ་གསུམ་དུ་སླས་པ་གཅིག་གིས་བཅིངས་པར་བྱེད་པ་སོགས། མདོར་ན་སྐྱེས་མ་ཚོའི་ཆས་གོས་ཀྱང་ལྷ་སའི་ཀོང་པོའི་ཡུལ་གྱི་བུད་མེད་ཚོའི་ཆས་གོས་དང་ཤིན་ཏུ་འདྲ་བ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་སྔར་བཙན་པོའི་དུས་སྐབས་སུ་བོད་ཀྱི་ཆབ་འབངས་སྤི་ཏིའི་དང་ལ་དྭགས་ཕྱོགས་ཀྱི་བུད་མེད་ཚོའི་མགོ་དཀྲིས་དང༌། རྣ་རྒྱན། མགུལ་རྒྱན་བཅས་ཕལ་ཆེར་གཅིག་པར་སྣང༌།

བཞི་པ། རྒྱན་ཆས་སྤྲས་སྟངས།

སྐྱེས་པ་ཚོས་རྒྱན་ཆ་གཙོ་བོ་སྐེ་ལ་བ་སོའི་ཕྲེང་བ་བྱུ་རུའི་ཕྲ་ཅན་དང༌། གསེར་རམ་དངུལ་གྱིས་བརྡུངས་པའི་གའུ་གྲུ་བཞི་མ་དང་གོར་གོར་ཆེ་བ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབུར་གཏོད་བྱུ་རུའི་ཕྲ་རྒྱན་བཏབ་པའི་ནང་དུ་རྟེན་བཞུགས་མཚོན་སྲུང་བླ་མའི་སྐུ་འདྲ་ཅན་འདོགས་པ་དང༌། རྐེད་པར་གྲི་རིང་ཐུང་ཤུབ་དང་ཡུ་བ་གསེར་དངུལ་གྱིས་རྒྱན་པ་རླ་གཡས་པའི་པུ་མོའི་སྟེང་སླེབས་ཙམ་དཔྱངས༌། རྟའི་སྒ་སྲབ་དངུལ་གྱིསབརྒྱན། སྐྱེས་མ་ཚོས་གཡུའི་རྣ་རྒྱན་སྣེ་གཉིས་གསེར་དངུལ་གྱི་ལྕགས་ཐག་གིས་བྲེལ་བ། དཔུང་བར་གསེར་དངུལ་ཟངས་གསུམ་དང་བ་སོའི་གདུབ་བུ། ལག་པའི་འཛུབ་མོར་གསེར་དངུལ་ཟངས་གསུམ་གྱི་འཛུབ་དཀྲིས་གང་འབྱོན་གྱིས་རྒྱུན་དུ་གོན་པ་དང༌། སྐྲའི་ལན་བུ་གསུམ་དུ་སླས་ནས་ལན་བུ་གཅིག་མགོར་དཀྲིས་པ་ཀོང་པོ་དང་ལ་དྭགས་སྐྱེས་མ་ཚཽས་དཀྲིས་སྟངས་དང་འདྲ་ལ། ལན་བུ་གཉིས་སོག་རྒྱབ་ཏུ་དཔྱང་བ་ལ་དངུལ་སྒོར་དང་མེ་ལོང་ཆེ་ཆུང༌། ཙོར་མོ་དམར་ནག་གང་མཛེས་ཀྱིས་སྐྲའི་ལན་བུ་ལེགས་པོར་བརྒྱན་པའི་སྟེང་དངུལ་གྱི་ཟླ་དཀར་ཞེས་པས་སྐྲ་འཛེར་བྱེད།

ལྔ་པ། བཟའ་བཏུང་གི་སྐོར།

ཐེ་བོ་སྨད་རྒྱུད་ཀྱི་ས་ཁུལ་འདི་ཚོ་གནམ་གཤིས་དྲོད་གྲང་མཉམ་པ་སོགས་ཀྱིས་འབྲུ་རིགས་གྲོདང༌། ནས། སྲན་དཀར། སྲན་དམར། སྲན་རིལ། བྲེ་བོ། ཟར་མ། ཤོག་ཁོག ཀྱི་ཐོན་སྐྱེད་བཟང་བས་གྲོ་ཕྱེས་རིགས་བེད་སྤྱོད་མང་པོ་བཏང་བ། དཔེར་ན། ཐལ་གོར་སླ་ང་ཆུང་ཆུང་ཚད་འདྲ་སྲེག་པ། སྣུམ་གོར།  ཕྱེས་ཐོ་རླངས་བཙོས་མ། ནས་རྩམ། ཟར་རྩམ། ཕག་ཤ་གཡེར་ཚྭ་དུ་སྐམ་ཅན་དང༌། གཡག་ཤ ལུག་ཤ ར་ཤ གཞན་སྲན་ཕྱེ་བརྡལ་ཐུག་དང༌། བྲ་ཕྱེ་ཐུག་པ། ནས་ཕྱེ་བརྡལ་ཐུག གྲོ་ཕྱེའི་བརྡལ་ཐུག་རིང་ཐུང་ཅི་རིགས། འོ་ཇ་དཀར་པོ་དང༌། ཡུན་རིང་བསྙལ་བའི་ནས་ཆང་བདུད་རྩི་ཁ་འཇམ་དྲི་ཞིམ་ཅན། ཤིང་འབྲས་སྣ་ཚོགས།

དྲུག་པ། ཕོ་མོའི་གཉེན་སྡེབ་ཀྱི་བརྒྱུད་རིམ།

འབྲུག་དཀར་གཙང་པོའི་འགྲམ་ངོགས་སུ་གནས་པའི་ཐེ་སྨད་ཚོ་བ་གཤོག་ཀ་འདི་ཚོའི་ནང་གཉེན་སྡེབ་བག་བསུ་གདོད་མའི་ལུགས་སྲོལ་ལྟར་ཕ་མ་གཉིས་ཀྱིས་ཞལ་བཀོད་གང་གནང་གཙོ་བྱས་ཐོག བུ་ཕྲུག་རང་འཐད་ཀྱིས་བཙལ་པ་ཕ་མར་རྒྱུ་མཚན་ཞུས་པ་ཕ་མ་འཐད་མོས་བྱུང་ན་གཞི་ནས་མནའ་མ་སློང་ཆང་ཆེ་ཆུང་ཐེངས་གཉིས་པོ་བཏུང་རྗེས་གཞི་ནས་བག་སྟོན་དུས་ཚོད་གཏན་ཁེལ་བྱེད། བག་མ་བསུ་བའི་དུས་ཚིགས་གཙོ་བོ་ལོ་གསར་ཚེས་གསུམ་ནས་ཚེས་ཤར་མ་རྫོགས་པར་སྟབས་གང་བདེ་བྱ་ལ། བག་མ་ཁྱིམགཞན་དུ་སྐྱེལ་བར་སྡེ་བའི་བུ་མོ་ན་མཉམ་ཡོངས་ནས་སྐྱེལ་མ་བྱས་ནས་ཡོང་བའི་སྐབས་སུ་སྡེ་མི་ཡོངས་ནས་བསུ་མ་བྱེད། དེ་ཉིན་སྡེ་མི་ཡོངས་སུ་འཛོམས་པའི་ཐོག་གཉེན་ཉེ་ཕྱོགས་མཐར་གང་ཡོད་ཀྱིས་ལེགས་སྐྱེས་སྐྱེལ་དུ་ངེས་པར་ཡོང་དགོས་པའི་ལུགས་སྲོལ་རྒྱ་ཆེ་ཞིང་གཉེན་སྟོན་འགོ་མ་བཙུགས་གོང་དགེ་འདུན་པ་ཞིག་གིས་ཞལ་འདོན་བཀྲ་བརྩེགས་སྐྱོར་ཏེ་བག་མ་ཁྱིམ་དུ་འབྱོར་མ་ཐག་བཀྲ་ཤིས་པའི་གཡང་འབོད་ཀྱི་ཆོ་ག་བྱེད་པ་དང༌། གཉེན་སྟོན་འགོ་འཛུགས་སྐབས་མགྲོན་པོ་དང་སྡེ་མི་རྣམས་བཞུགས་གྲལ་ལ་འཁོད་རྗེས་སྡེ་བའི་མི་རྒན་བློ་གྲོས་འཛོམས་ཤིང་ཁ་བདེ་ཞིག་གིས་བཀྲ་ཤིས་པའི་ཆང་མཆོད་འཕེན་སྐབས་སངས་རྒྱས་བྱང་སེམས་དང༌། དཔའ་བོ་མཁའ་འགྲོ། ཡུལ་ལྷ་གཞི་བདག་སོགས་ལ་ཆང་མཆོད་དང༌། དེ་ནས་བུ་རབས་ཚ་རྒྱུད་ལ་དགེ་ཤེས་དང༌། ཤེས་འབྱོན་གཉིས་ལྡན་ཤ་སྟག་བྱོན་དགོས་པའི་སྨོན་ཚིག་གི་མེ་ཏོག་ལེགས་པར་འཐོར་ནས་དགའ་སྟོན་གྱི་དཔལ་ལ་རོལ། དེའི་ཉིན་མོར་ཤ་ཆང་ཟས་རིགས་གང་འབྱོན་གྱིས་གསོལ་སྟོན་དང༌། མཚན་ཧྲིལ་བོ་སྐོར་བྲོ་འཁྲབ་ནས་མཚན་ཕུད་སྐབས་སུའང་ཟས་ཆང་གང་བཟང་དྲངས་ནས་མགུ་བར་བྱེད། བག་མ་ཉིན་ཁ་ཤས་གནས་ཚང་ཚང་ལ་བསྡད་རྗེས་ལག་སྐྱེས་ཕ་ཆེར་འཁྱེར་ནས་ཕྱིར་རང་གི་ཕ་ཁྱིམ་དུ་ལོགས་ནས་ལོ་ངོ་གཅིག་ལྷག་འགོར་རྗེས་གཞི་ནས་གནས་ཚང་དུ་གཏན་སྡོད་བྱ་བར་འགྲོ་དགོས།

བདུན་པ། དུས་སྟོན་གྱི་རྣམ་པར་རོལ་སྟངས།

ཧོར་ཇུན་གར་གྱིས་མི་ཉག་བླངས་པའི་དགའ་སྟོན་གྱི་ཟླ་བ་ལ་ཧོར་ཟླར་གྲགས་པ་ལྟར་མདོ་སྨད་དང་ཁམས་ཁུལ་གྱི་ཡུལ་སྡེ་མང་བོས་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་བྱེད་ཀྱིན་ཡོད་ལ། རྒྱ་ནག་དང༌། ཉི་ཧོང༌། ཀོ་རི་ཡ། སོག་ཡུལ་སོགས་སུ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་བྱེད་ཀྱང༌། ཡུལ་ཕྱོགས་འདི་ཚོས་བོད་ལོ་ཞེས་ཡུལ་དབུས་ཀྱི་ལོ་གསར་དང་གཅིག་མཚུངས་བྱེད་པ་མ་ཟད། ཧོར་ཟླ་དང་པོའི་ཚེས་གཅིག་ལའང་རྒྱ་ལོའི་ཚེས་གཅིག་ཅེས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་བྱེད། གནམ་གང་ཡོད་མེད་ལ་ལྟོས་མེད་ཀྱིས་ལོ་རྙིང་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུའི་ཉིན་མོར་ཁང་ཁྱིམ་ཕྱི་ནང་གང་སར་གད་བདར་བྱས་པའི་གད་སྙིགས་རྣམས་དང་ལྷན་གཏོར་བརྒྱག་བྱེད། ཉིན་དེར་སྡེ་པའི་སྐྱེས་པ་ཚང་མ་ལྷན་འཛོམས་ཀྱིེས་སོ་སོས་མདའ་མདུང་གྲི་གསུམ་ཕྱར་ནས་རྔོན་བྱེད་ཁུལ་དང༌། དམག་ལ་ཞུགས་སྟངས་ཀྱི་རྩལ་ངོམ་བཞིན་སྡེ་ཁྱིམ་རེ་རེའི་ནང་འབྱོར་དུས་མགོ་མཇུག་མེད་པར་ནས་ཆང་གང་བཟང་བཟང་འདྲེན་སྐབས། རུ་སྡེ་མི་རྒན་གུས་བཀུར་ཐོབ་པ་ཞིག་གིས་རུ་སྡེ་འདི་དང་པོ་གང་ནས་ཆད་མིན་སོགས་ཀྱི་བརྒྱུད་རིམ་དམག་བཤད་ཅེས་པ་བཤད་ཚར་བའི་མཇུག་ཏུ་ཨེ་གེ་ཧོ་ཞེས་ཀི་སྒྲ་རིང་མོ་ཐེངས་གསུམ་སྒྲོག་ཚེ་རུ་དཔུང་ལྟར་སྟངས་སྟབས་འཁྲུག་ཤོས་སུ་སླེབས་སྐབས། འཁྲབ་མཁན་སོ་སོའི་ཁ་ནས་འུར་སྒྲ་སྒྲོག་པས་ཆང་དང་འུར་སྒྲས་འཁྲབ་མཁན་ལ་སྔོན་མེད་ཚོར་འདུ་ཞིག་གིས་དེད་དེ་འཁྲབ་སྟོན་གྱི་རྣམ་པ་སྔར་ལས་འཁྲུག་ཆ་ཆེ་རུ་འགྲོ་བ་ཡིན། དེ་ལྟར་སྡེ་ཁྱིམ་རིམ་བརྒྱུད་ཀྱིས་ཆང་དང་དམག་བྲོ་ལ་རོལ་སྟངས་འདི་ཡང་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ཡུལ་དབུས་སུ་དར་སྲོལ་ཧ་ཅང་ཆེན་པོ་ཡོད་པ་ཕྱི་ལོའི་དུས་རབས་དྲུག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་ཀོང་ཇོས་བཞེངས་པའི་ལྷ་ལྡན་གཙུག་ལག་ཁང་གི་ལྡེབ་རིས་ནང་དུ་ཡང་ལག་ཏུ་མདུང་དང་རལ་གྲི་ཐོགས་ཞིང༌། ལུས་ལ་འཁྲབ་རྨོག་གྱོན་ཏེ་དམག་གཤར་འཁྲབ་ཚུལ་བྲིས་པའི་སྡེབ་རིས་ནང་གསལ་བ་དང༌། ཡུལ་ལུང་འདིར་སྔོན་ནས་ད་བར་སྲོལ་འདི་མ་ཉམས་པར་དམག་གཤར་ཞེས་ཞབས་བྲོ་རྒྱག་པ་སོགས་ཕྱོགས་གང་ནས་བལྟས་ཀྱང་གདོད་མིའི་བོད་དབུས་གཙང་སོགས་ནས་ཡོང་བའི་དམག་རྒྱུད་ཤུགས་ཆེན་གཞིས་ཆགས་པ་ཁྲེལ་མེད་གསལ་རྟོགས་ངེས། རྒྱ་ལོའི་ཚེས་གཅིག་སྔ་མོར་ནམ་ཕྱེད་ཡོལ་ཙམ་དུས་སུ་བཟའ་ཚང་རྒན་གཞོན་དབྱེ་མེད་མལ་ལས་ལངས་ཏེ་གྱོན་ཆས་འཕྱོར་ཤོམ་སྤྲས། བུད་མེད་ཚོ་ཚེས་ཆུ་ལེན་དུ་འགྲོ་སྐབས་ཁྱིམ་ཚང་རེ་རེ་ནས་ཆུ་འགོ་ཁར་མཆོད་མེ་རེ་འཇོག་སྲོལ་ཡོད། སྐྱེས་པ་ཚོས་ཐོག་མར་མཆོད་ཁང་གི་མདུན་དུ་མཆོད་ཆུ་མར་མེ་དང༌། སོ་བོང་ཐོག་ཏུ་གླིང་མེ། ཁང་སྒོ་དང་ཕྱུགས་ར་སོགས་ཀྱི་སྒོ་གང་མཆིས་སྟེང་མཆོད་མེ་རེ་མཆོད་རྗེས་ཡུལ་ལྷར་བསང་མཆོད་གང་རྒྱས་བྱ། ཚེས་གཅིག་ཞོགས་ཀ་བཟའ་ཚང་ལྷན་འཛོམས་ཀྱི་གྲལ་ལ་གོང་རིམ་བཞིན་འཁོད་དེ་ལོ་གསར་པའི་དགའ་སྟོན་རོལ་བར་བྱེད། བོད་ཟླ་ལྔ་པའི་ཚེས་བཞི་ཉིན་བཟའ་མི་ཚང་མ་གནས་མཇལ་བྱེད་དུ་འགྲོ་ཞིང་ཚེས་ལྔ་ཉིན་སངས་རྒྱས་སྨན་བླས་འཇིག་རྟེན་ཁམས་ལ་སྨན་བཏབ་ཡོད་ཅེས་བོད་ཟླ་ལྔའི་ཚེས་ལྔ་ཉིན་གྱི་ཞོགས་པ་སྔ་བོར་ཞིང་ཁར་སོང་ནས་ལོ་ཐོག་གི་བསིལ་བས་གདོང་བཀྲུ་བར་བྱེད། དེའི་ཉིན་སྒོ་གང་ཡོད་ལ་ཤིང་གི་ལོ་མ་རེ་འཛུགས་ཏེ་དགའ་སྟོན་གང་རྒྱས་ཀྱིས་གླིང་ཀ་བཏང་བ་ཡིན། ལུགས་སྲོལ་འདི་བླ་བྲང་ཕྱོགས་ལ་དར་ཁྱབ་ཆེ། སྡེ་པའི་ལ་རྩེ་གཏོད་ཉིན་སྐྱེས་པ་གང་མཆིས་འདུ་འཛོམས་ཀྱིས་བསང་གསོལ་དང་ལ་རྩེ་གཏོད། དེ་ཉིན་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་ལ་བརྩིས་ནས་སྡེ་མི་ཡོངས་འཛོམས་ཏེ་ལྷོད་བཞུགས་བྱ་བ་ཡིན།

བརྒྱད་པ། གཤིན་སྐྱེལ་གྱི་ཆོ་ག་སྒྲུབ་སྟངས་སྐོར།

བོད་མི་རིགས་སྤྱིའི་གཤིན་སྐྱེལ་ལ་རྣམ་པ་ལྔ་སྟེ་གདུང་རྟེན་བཞུགས་དང༌། པུར་སྦྱངས། བྱ་གཏོར། ཆུ་སྐྱུར། ས་སྦས་བཅས་ལས་ས་ཁུལ་ཡོངས་ལ་ཐོག་མའི་གཉིས་དར་སྲོལ་ཆེ། གདུང་རྟེན་བཞུགས་དགོས་པའི་རིགས་ནི་བླ་སྤྲུལ་ཆེས་མཐོ་ཤོས་དང་དགེ་བའི་བཤེས་གཉེན་ཁྱད་འཕགས་རེ་འགའ་མ་གཏོགས་མེད། བདུན་ཚིགས་དང་པོའི་ནང་འབྱོར་ལྡན་པ་ཚོས་རང་དགོན་གྱི་དགེ་འདུན་པ་ཡོངས་རྫོགས་ཉིན་གསུམ་རིང་སྡེ་ཁྱིམ་དུ་གདན་ཞུས་བྱས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་པ་མ་ཟད་འབྱོར་མེད་ཚོས་ཀྱང་ཉིན་གཅིག་རིང་དགེ་འདུན་ཡོངས་ལ་བསྙེན་བཀུར་དེ་ངེས་པར་བྱ་བ་ཡིན། དེ་ནས་བདུན་ཚིགས་མཐའ་མའི་སྐབས་སུ་མཆོད་འབུལ་དང་ལོ་གཅིག་ཧྲིལ་བོ་འཁོར་མཚམས་སུ་མཆོད་འབུལ་གང་རྒྱས་རེ་ལོ་ངོ་གསུམ་རིང་བྱེད་སྲོལ་ཡོད།

དགུ་པ། གྱོད་འཁོན་དང་ཞི་འགྲིགས།

སྤྱིར་ཡུལ་ཕྱོགས་འདིར་བན་བོན་གཉིས་ཀྱི་ཆོས་ལུགས་བར་དང༌། དགོན་པ་དང་དགོན་པའི་བར། ཤོག་ཀ་དང་ཤོག་ཀའི་བར། སྡེ་བ་དང་སྡེ་བའི་བར། ཁྱིམ་ཚང་དང་ཁྱིམ་ཚང་བར་སོགས་ལ་གྱོད་འཁོན་གྱི་རིགས་ཉུང་ཞིང༌། ལྷག་དོན་ཕན་ཚུན་བར་མི་མཐུན་པ་བྱུང་མ་ཐག་གནད་དོན་གང་མཆིས་བོད་པ་རང་གི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ཞི་འགྲིགས་ལམ་ནས་ཐག་གཅོད་བྱེད་པ་མ་གཏོགས་ཁྲིམས་ཁུངས་སོགས་ལ་ཞུ་གཏུགས་བྱེད་སྲོལ་དཀོན། མགྲོན་པོ་རྒྱུས་མེད་སུ་གནས་ཚང་གཡར་དུ་ཡོང་རུང་ཆེད་དུ་གཉེར་ནས་ཟས་བཟང་ཅི་མཆིས་སྟེར་བར་བྱེད་པ་མ་ཟད། མགྲོན་པོ་ལས་ལ་ཆས་དུས་གནོད་འཚེ་ཉེན་ཁ་མེད་པའི་གནས་བར་ལམ་སྐྱེལ་བྱེད།

བཅུ་པ། བཟང་སྤྱོད་ཀྱིས་འཛེམ་བྱའི་གནས།

སྤྱིར་མི་རིགས་གང་འདྲ་ཞིག་ལ་མཚོན་ན་རང་རང་སོ་སོའི་དངོས་ཡོད་འཚོ་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་གོམས་གཤིས་ལས་གྲུབ་པའི་འཚོ་བའི་ལྟ་བ་ཡོད་ཀྱང༌། རང་ལྟ་མཆོག་འཛིན་གྱིས་གཞན་གྱི་གོམས་སྲོལ་ལ་མཐོང་ཆུང་དང༌། དམའ་འབེབས། འཕྱ་དམོད་སོགས་བྱ་ག་ལ་རུང༌། ཡུལ་འདིར་ཆོས་ལུགས་ཀྱི་བསམ་བློའི་བསླབ་བྱ་བཟང་བོ་ཤན་ཤུགས་དངོས་སུ་ཐེབས་ཡོད། དཔེར་ན། ཁྱིམ་ཕུགས་སུ་སྐུ་གསུང་ཐུགས་རྟེན་ཞུགས་སའི་མཆོད་ཁང་གི་མདུན་དུ་མི་གཙང་བའི་ཅ་དངོས་རིགས་འཇོག་པའམ་ཡང་ན་དྲི་ངན་སྦགས་བཙོག་རིགས་གཏན་ནས་བྱ་མི་རུང༌། ལྷ་ཁང་དང༌། མཆོད་རྟེན། སྐུ་འབུམ། ལ་རྩེ། བསང་གསོལ་བྱེད་ས། རྡོ་འབུམ་བཅས་ལ་སྐོར་ལོག་དང་ཉེ་འཁོར་དུ་བཤང་གཅི་འདོར་པ་ནི་ཉེས་དམིགས་ཤིན་ཏུ་ཆེ་བར་བརྩིས་ནས་འཛེམ་དོག་བྱེད། ལྷ་ཀླུ་དང་ཡུལ་ལྷ་གཞི་བདག་སོགས་ཀྱི་གནས་རི་སོགས་ལ་ངོས་འཛིན་ཡོད་སར་ཤྀང་ནགས་འབྲེག་པའམ་ས་རྐོ་རྡོ་སློག་བྱེད་པར་འཛེམ་དོག་བྱེད། བླ་མ་དང་དགེ་འདུན་པར་གུས་མེད་གང་བསམ་ཅི་འདོད་ཀྱིས་ལབ་གླེང་མི་བྱེད་པར་ཞྭ་མོ་ཕུད་དེ་གུས་ཉམས་ཡོད་པའི་སྒོ་ནས་གླེང་མོལ་དང༌། བྱིས་དར་གཞོན་གསུམ་གྱིས་རང་ལས་རྒན་པ་རྣམས་ལ་ཚིག་རྩུབ་དང་འཕྱ་སྨོད་སྤངས་ཏེ། ཨ་མྱེས་དང༌། ཨ་ཁུ། ཨ་མ། ཨ་ལྕེ་ཞེས་ཨ་མིང་མགོར་འབོད་ཀྱིས་གུས་ཉམས་ལྡན་པར་བྱེད་པ་མ་ཟད། རྒན་པའི་མདུན་དུ་གུས་བཀུར་བརྩི་འཇོག་སྤངས་པའི་གཏམ་གླེང་དང༌། ཕོ་མོའི་མཛའ་བརྩེ་བྱ་སྤྱོད་མངོན་ཚུལ་བསྟན་མི་རུང་ཞིང༌། རྒན་པས་བྱིས་པར་བྱམས་སྐྱོང་གང་ཐུབ་བྱེད་པ་ལས་ཡ་རབས་བཟང་སྤྱོད་དང་འགལ་བའི་ཚིག་རྩུབ་སོགས་བཤད་པར་འཛེམ་དོག་བྱེད། མགྲོན་པོ་གྲལ་འདབས་སུ་སྡོད་དུ་འཇུག་མི་རུང་བ་མ་ཟད་ཁ་ཟས་གང་བཟང་དང་ནས་ཆང་གང་ཡག་དྲངས་ནས་མགྲོན་པོ་གང་ཡིན་ལྟོས་མེད་ཀྱིས་སྣེ་ལེན་གང་བཟང་བྱ་དགོས།  ཁྱིམ་བཟའ་ཚང་ལྷན་འཛོམས་ས་དང་མི་ཚོགས་དབུས་སུ་རྐུབ་རླུང་ཕུད་པའམ་འཆལ་སྤྱོད་ཀྱི་གཏམ་གླེང་འཛེམས་དགོས། མི་གཞན་པའི་གོས་དང་ཞྭ་མོ་བགོམ་མི་ཉན།  ནས་ཆང་འཙོ་བ་དང༌། བྱིས་པ་སྐྱེས་པ། ནད་པ་ཛ་དྲག་སོགས་ཀྱི་གནས་ཚུལ་ལྷག་དུས་རྒྱ་སྒོའི་སྟེང་ངམ་སྒོ་འགྲམ་གཡས་གཡོན་དུ་ཤུག་པ་དང༌། དར་གོས་བཀལ་ནས་ཛ་དྲག་གི་བརྡ་བསྟན་ཡོད་པའི་ཁྱིམ་ལ་འགྲོ་མི་རུང༌། སྡེ་ཁྱིམ་ཞིག་ལ་མི་ཤི་གནས་ཚུལ་བྱུང་ཚེ་གཉེན་ཉེ་དང་སྡེ་མི་ཡོངས་ཀྱིས་བདུན་ཚིགས་མཐའ་མ་མ་ཚང་བར་དུ་འདུན་བྱེད་པ་ལས་གླུ་ལེན་གར་རྩེད་སོགས་རྩེད་མོའི་རིགས་ལ་མི་ཞུགས། གཉེན་ཉེ་གཙོ་བོ་ཚོས་ལོ་གསུམ་རིང་གོས་གསར་གོན་པ་དང༌། རྒྱན་ཆ་འདོགས་པ། གླུ་ལེན་གར་རྩེད་རིགས་སོགས་སྤངས་ནས་འདུན་བྱ་དགོས། མདོར་ན་ཡ་རབས་རང་ཤིས་མ་ཉམས་པའི་མཐའ་མཚམས་ཀྱི་བོད་རིགས་འདི་དག་གི་བསམ་སྤྱོད་གཉིས་ཀྱི་གོམས་ཤིས་བཟང་པོ་ལ་འཛེམ་བྱ་མང་དུ་མཆིས་པས་རང་གིས་གང་མཐོང་ཙམ་བྲིས་པའོ།།

བཅུ་གཅིག་པ། བན་བོན་གཉིས་ཀྱི་ཆོས་ལུགས་དར་ཚུལ་དང་འཕེལ་གྲིབ།

དེ་ཡང་རང་རེའི་ཡུལ་ཕྱོགས་འདི་ལ་ཆེས་སྔ་མོ་ཞིག་ནས་བོན་ཆོས་དར་ཁྱབ་ཧ་ཅང་ཆེ་ཞིང༌། བོན་ལུགས་དེ་ཡང་བཙན་པོ་ཚོའི་སྐབས་སུ་དར་བའི་དམར་མཆོད་གཙོ་བོར་བྱེད་པའི་བོན་ལུགས་ཡིན་པ་ད་ལྟའི་དུས་སུའང་ཆེ་བ་གཡག་ལུག་ར་གསུམ་དང་ཆུང་བ་ཁྱིམ་བྱ་ཚུན་ཆད་བསད་དེ་དམར་མཆོད་གཙོ་བོར་བྱེད་པའི་གོམས་སྲོལ་ཉམས་མེད་མཐོང་ཆོས་སུ་དམག་རུ་ཁ་ཤས་ནང་དུས་ལྟའང་མཐོང་ཆོས་སུ་ཡོད་པ་དང༌།  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་ཡོད་པའི་རྩ་རིའི་བོན་དགོན་ལྟ་བུ་བོན་དགོན་ཁ་ཤས་ལོ་ངོ་སྟོང་ཕྲག་ལྷག་རིང་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་སོགས་ལས་གསལ་རྟོགས་ངེས། རྗེས་སུ་ནང་ཆོས་དར་ཁྱབ་ཆེས་ཆེར་སོང་བར་བརྟེན་བོན་དགོན་མང་པོ་རང་བཞིན་གྱིས་ནང་པར་གྱུར་པས་ནང་ཆོས་ས་ཁྱབ་རྡོ་ཁྱབ་ཀྱིས་ནང་པའི་དགོན་སྡེ་ཐེ་སྨད་རང་ལ་སུམ་ཅུ་ལྷག་དུས་འགྱུར་མ་བྱུང་སྔོན་ཡོད་མོད། བོད་ནང་མང་གཙོ་བཅོས་འགྱུར་དང་རིག་གནས་གསར་བརྗེ་སྐབས་དགོན་སྡེ་དེ་དག་ཤུལ་མེད་དུ་བཏང༌། རྗེས་སུ་མི་རིགས་སྲིད་ཇུས་ཅུང་ཙམ་ལྷོད་པའི་སྐབས་དང་བསྟུན་ནས་དད་ལྡན་མང་ཚོགས་ཀྱིས་རང་ནུས་གང་འབྱོན་གྱིས་བསྐྱར་གསོ་བྱས་ཀྱང༌། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་མཁར་རྙིང་དང་སྐུ་གསུང་ཐུགས་རྟེན་རིན་ཐང་བྲལ་བ་དེ་དག་སུ་གང་གིས་སྔོན་ཆད་བཞིན་འཛུགས་སྐྲུན་དང་བསྐྱར་གསོ་བྱེད་ག་ལ་ཐུབ། བན་བོན་གཉིས་ཀྱི་སྐྱེས་ཆེན་དམ་པ་ཚོས་ཆོས་ཕྱོགས་ཀྱི་འགན་ཆེ་བཞེས་གནང་བའི་བཀའ་དྲིན་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་དང་འབྲེལ་བའི་ཡར་རབས་གོམས་གཤིས་རིན་ཐང་བྲལ་བ་གང་ཡོད། བོད་མི་རིགས་ཆགས་འཇིག་གི་གནས་སུ་གྱུར་པའི་ཉན་འཕྲང་གི་སྐབས་འདིར་ཡང་མི་ཉམས་རྒྱུན་འཛིན་དང༌། ཉམས་པ་སླར་གསོ་བྱེད་བཞིན་པའི་གནས་སྟངས་འདི་དག་དགའ་འོས་པའི་གནས་སུ་མཐོང་ངོ༌།།

བཅུ་གཉིས་པ། ཤེས་ཡོན་སློབ་གསོའི་གནས་སྟངས།

བོད་ཀྱི་མཐའ་ཁུལ་གྱི་ཡུལ་འདིར་སྔོན་ཆད་མཁས་པ་དང་སྐྱེས་ཆེན་དམ་པ་མང་པོ་བྱོན་པ་མ་ཟད་བོད་གཞུང་གི་ལས་སྣེ་མཐོ་གྲས་སུ་ཕེབས་པ་འགའ་ཤས་བྱོན་ཡང༌། བོད་ས་ཡོངས་ལ་དུས་འགྱུར་ཚབ་ཆེ་བྱུང་བའི་རྗེས་གཡོན་ཐལ་ཅན་གྱི་ཤེས་ཡོན་སྲིད་བྱུས་འོག་སློབ་གྲྭ་ཁག་གི་སློབ་ཚན་ནང་གཙོ་བོ་རྒྱ་ཡིག་བཞག་ནས་བོད་ཡིག་གི་སློབ་ཚན་འཛིན་གྲྭ་ཁ་ཤས་ནང་མ་གཏོགས་མེད་པ་སོགས་རིག་གཞུང་གིས་བཙན་འཛུལ་འོག་འཚར་ལངས་བྱུང་བའི་རྒྱ་ཡིག་སྒང་མཁས་པ་མང་བ་མ་གཏོགས། བོད་རང་གི་རིག་གཞུང་འོག་ནས་འཚར་ལངས་བྱུང་བའི་ཤེས་འབྱོན་གཉིས་ལྡན་ཅན་དཀོན་པོ་ཡིན་ཡང་བོད་མི་རིགས་ཀྱི་ལ་ཞེན་ཧ་ཅང་ཆེན་པོ་དུས་ད་ལྟའི་བར་འགྱུར་མེད་གནས་ཡོད། རྒྱ་གཞུང་གི་སློབ་གྲྭར་མ་སོང་བ་བོད་རང་གི་རིག་གཞུང་འོག་འཚར་ལངས་བྱུང་བའི་མཁས་པ་གང་འཚམས་ཡོད་པ་ཚོས་རང་གི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱིས་བོད་མིའི་རིག་གཞུང་ལ་ཞབས་འདེགས་མི་དམན་པ་ཞུ་བཞིན་ཡོད།

བཅུ་གསུམ་པ། གནའ་དེང་གི་དཔལ་འབྱོར་གྱི་གནས་བབ།

མཐའ་མཚམས་ཀྱི་ཡུལ་གྲུ་འདི་ཚོའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བཽ་ཞིང་ལས་དང་ཞོར་དུ་ཕྱུགས་ལས་དང་ཤིང་འབྲས་སོགས་ལ་བརྟེན་ཡོད། ས་བབས་དམའ་ཞིང་འབྲུ་རིགས་ཐོན་སྐྱེད་ཀྱི་ས་གཤིས་ཕུན་སུམ་ཚོགས་པས་ལོ་ཏོག་ལེགས་པ་དང༌། རི་ལུང་ཀུན་ལ་དྭངས་གཙང་ཆུ་ཕྲན་མང་པོ་དང་རྩི་ཤིང་སྣ་ཚོགས་ཀྱིས་ཁེངས་པའི་གསེབ་ཏུ་སེམས་ཅན་གཞན་ལ་གནོད་འཚེ་མེད་ཅིང་ཞི་བདེ་ངང་རང་ཉིད་དགའ་ཤོས་སྨྱུག་མའི་འཚོ་བ་རོལ་ནས་གནས་པའི་དོམ་ཁྲ་དང༌། སྔོ་ལོ་དང༌། རྩ་ལྡུམ། ཤིང་ཏོག སྲོག་ཆགས་ཆུང་རིགས་ལ་རྔོན་བྱས་ནས་འཚོ་བའི་དོམ་ནག སྟག གཟིག དྲེད་མོང༌། སྤྱང་ཁུ། གཡི། ར་རྒོད། གླ་བ། གཉན་སོགས་གཅན་གཟན་རི་དྭགས་དང་བྱ་རིགས་སྣ་ཚོགས་འཚོ་གནས་ལ་བརྟེན་ནས་ཆར་ཆུ་དུས་སུ་བབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་དགེ་མཚན་གྱིས་ཁྱབ་པའི་ཡུལ་འདི་ཉིད་ཕྱི་ལོ་ ༡༩༥༠ ལོའི་ཡར་སྔོན་རང་བྱུང་ནགས་ཚལ་གྱིས་ས་ཁྱོན་བརྒྱ་ཆའི་ ༧༢ ཁེབས་ནས་རང་བྱུང་འཁོར་ཡུག་ལ་མིས་བཟོས་པའི་གཏོར་བརླག་གང་ཡང་ཐེབས་མེད། འོན་ཀྱང་ཡུན་རིང་དམག་འཁྲུག་དང་གཉེན་འབྲེལ་སོགས་ཀྱི་འབྲེལ་བ་བཟང་ངན་ཇི་སྙེད་བྱུང་བའི་ཁྱིམ་ཚེས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དངོས་ཡོད་གནས་ཚུལ་ལ་འཁྱོག་བརྗོད་ཀྱི་ལམ་ནས་བོད་ས་ཡོངས་ལ་བཙན་འཛུལ་གྱིས་དབང་བསྒྱུར་བྱས་པ་ནས་བཟུང༌། ས་ཁུལ་སྤྱིའི་བརྒྱ་བདུན་ཅུ་དོན་གཉིས་ཤིང་ནགས་ཀྱིས་ཁེངས་པ་རྣམས་ཕྱི་ལོ་ ༡༩༥༢ ཟླ་བ་ ༨ ནས་ཤིང་ནགས་ལས་ཁུངས་དངོས་སུ་བཙུགས་ཏེ་ཕྱི་ལོ་ ༡༩༩༤ ལོ་བར་ཤིང་ནགས་གཅོད་འབྲེག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཤིང་ནགས་ཕལ་ཆེར་ཤུལ་མེད་དུ་བཏང་ནས་རི་ལུང་ཡོངས་སྐྱ་ཐང་ངེར་གྱི་ལུང་སྐམ་ཞིག་ཏུ་གྱུར་ཡོད། རྗེས་སུ་རྒྱ་ནག་ནང་ཁུལ་ཆུ་ལོག་གིས་གནོད་འཚེ་རུམ་བསྟུད་བྱུང་བའི་རྒྱུ་རྐྱེན་ཤིང་ནགས་གཅོད་འབྲེག་བྱས་པའི་འབྲས་བུར་ངོས་འཛིན་བྱས་ནས་ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་སྲིད་ཇུས་གཏན་འཁེལ་མ་བྱས་གོང་རྫོང་གི་ནོར་སྲིད་ཀྱི་ཡོང་འབབ་བརྒྱ་ཆའི་ ༩༥ ཤིང་ནགས་གཅོད་འབྲེག་བྱས་པའི་ཡོང་འབབ་ལ་བརྟེན་ཡོད། ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་གསེར་གཏེར་སོགས་གཏེར་ཁ་སྣ་ཚོགས་འཛེམས་མེད་བསྔོགས་བཏོན་གྱི་ལས་གཞི་སྔ་ཡོད་ཐོག་གཏེར་ཁའི་རིགས་གསར་པ་མང་པོ་བསྔོགས་བཏོན་གྱི་ལས་གཞི་གཞི་རྒྱ་ཆེ་རུ་བཏང་བ་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱིས་དྭངས་ཤིང་གཙང་བའི་འབྲུག་དཀར་གཙང་པོ་ནག་པོར་གྱུར་ཡོད། ཕྱི་ལོ་ ༢༠༠༣ ལོ་ནས་གཙང་པོ་བཙན་གྱིས་བཀག་བསྐྱིལ་བྱས་པའི་ཆུ་མཛོད་དང༌། གློག་འདཽན་འཛུགས་སྐྲུན་གྲངས་ལྔ་བཅུ་རྒལ་བར་དངོས་སུ་ལག་བསྟར་བྱས་ཚར་བ་དང་མ་ཚར་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་འཆར་ས་ཁུལ་འདིའི་སྣོད་བཅུད་གཉིས་གར་ཧ་ཅང་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་འདི། འཛམ་གླིང་ས་ཁུལ་གཞན་གྱི་གནམ་གཤིས་འགྱུར་འགྲོས་ཀྱི་མྱུར་ཚད་ལས་བོད་ཀྱི་འཁོར་ཡུག་དང་གནམ་གཤིས་འགྱུར་འགྲོས་ལྡབ་གསུམ་བཞི་མཐོ་བའི་གནས་སྟངས་འོག་ས་ཁུལ་འདི་དག་ད་ལྟ་དཀའ་ངལ་གྱི་གནས་སུ་ལྷུང་རྒྱུའི་འགོ་བརྩམས་ཚར་པ་ཙམ་ཡིན། ས་ཁུལ་འདིར་སྔོན་ནས་ད་བར་རང་གི་ལག་རྩལ་ལ་བརྟེན་ནས་འཚོ་ཞིང་དཔལ་འབྱོར་གཞན་བརྟེན་གྱི་གནས་སྟངས་དཀོན་པ་སོགས་ནི་བདག་ཉིད་ཆེན་པོ་གྭན་དྷྭིའི་གྲོང་གསེབ་རང་སྐྱོང་ལྟ་བུ་རང་སྐྱིད་མི་སྨོན་གྱི་འཚོ་ཐབས་བཟང་བོ་དེ་ཉིད་ད་ལྟ་གོ་ལ་ཧྲིལ་བོའི་སྒང་ནས་ཡལ་ལ་ཉེ་བའི་དུས་སྐབས་གཉན་འཕྲང་ཞིག་ཏུ་སླེབས་ཡོད།

མཇུག་གི་གཏམ།

སྤྱིར་སྟངས་རང་ཉིད་ལ་ཤེས་ཡོན་གྱི་ཆུ་ཚད་དམའ་ཞིང་ཉམས་མྱོང་གིས་ཕོངས་པ་སོགས་ཀྱིས་རྩོམ་ཐུང་འདི་འབྲི་བའི་སྤོབས་པ་དབེན་ཡང༌། དུས་རབས་ཀྱིས་ང་ཚོར་སྐུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་གཡོལ་ཐབས་མེད་པའི་གནས་སྟངས་དང་གཅིག ཉེ་ལམ་ཐེ་བོ་སྨད་མ་འབྲུག་ཆུ་རྫོང་ཁོངས་སུ་རི་ཉིལ་དང་ཆུ་ལོག་འདྲེས་མའི་གནོད་འཚེ་ས་ཁུལ་འདིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མིས་བཟོས་པའི་གོད་ཆག་ཚབ་ཆེན་བྱུང་བའི་གནས་སྟངས་ཁག་རྒྱ་གཞུང་གིས་བཏང་འཛིན་འོག་ཚུད་པའི་སྒེ་ཁུང་གཅིག་ལས་བསྟན་པའི་གསར་འགྱུར་ལ་མགོ་རྨངས་ནས་རྒྱལ་སྤྱིའི་གསར་འགྱུར་དང༌། བོད་གཞིས་གཉིས་ན་ཡོད་པའི་མི་མང་པོ་ཞིག་གིས་ཡུལ་འདི་བོད་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་པའི་ས་ཁུལ་གཙང་མ་ཡིན་པ་མ་ཤེས་པའམ་ཤེས་ཀྱང་དམིགས་ཡུལ་གཞན་ཞིག་དབང་གིས་བོད་ས་ཡིན་མིན་དང༌། ས་ཁུལ་འདིའི་བོད་རིགས་རྣམས་བོད་པ་ཡིན་མིན་སོགས་ཀྱི་གནས་སྟངས་ཧ་ཅང་སྐྱུག་མེར་ཞིང་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་ལ་མགོ་བོ་བ་ལང་ལས་བརྟུལ་བ་འདི་ཚོའི་རང་གཤིས་ངན་པ་འཛེམས་དོག་གང་ཡང་མེད་པར་སྤྱི་ཚོགས་སུ་གང་བྱུང་གླང་ར་གནམ་དབྱུགས་བྱས་པའི་ངང་ཚུལ་མཐོང་བ་དང་གཉིས། ཡུལ་ཕྱོགས་འདིའི་སྐོར་ཀྱི་ཆེད་རྩོམ་དེ་སྔོན་ཞིབ་ཕྲ་བྲིས་པ་མཇལ་དུ་དཀོན་པ་གསུམ་གྱིས་དབང་གིས་རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་ལོ་ངོ་སྟོང་ཕྲག་རིང་མཐའ་སྲུང་གི་སྙིང་སྟོབས་མ་ཡལ་བའི་ཐུན་མོང་མ་ཡིན་པའི་ཡར་ཀླུང་གཙང་པོའི་རླབས་རྒྱུན་དང་མཉམ་དུ་ཤར་མཐའ་འདི་ན་འཕྱོ་བཞིན་པའི་བོད་མི་རིགས་འདི་ཚོའི་ཡུལ་སྲོལ་གོམས་གཤིས་འབྲི་རྩོམ་གྱི་བྱ་བར་ཞུགས་རྒྱུར་སྔོན་མེད་གསོན་ཤུགས་དང༌། ཚོར་སྣང་ཟབ་མོ་ཞིག་སྟེར་བའི་ཉེར་ལེན་ལ་བརྟེན་ནས་རྩོམ་ཡིག་འདི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་ཐུབ་ཙམ་བྱུང༌། རྩོམ་ཡིག་འདིའི་འགོ་མཇུག་བར་གསུམ་དུ་དངོས་ཡོད་གང་མཆིས་ཀ་དང་ང་བཞིན་འབྲི་བའི་རྩོམ་རྩལ་དང་ཆ་རྒྱུས་ཕུན་སུམ་ཚོགས་པ་འཛོམས་དཀའ་བའི་ཉེར་ལེན་གྱིས་དངོས་ཡོད་འཚོ་བའི་རོ་བརྒྱ་དུས་གཅིག་ཏུ་ཉམས་སུ་མྱོང་དཀའ་མོད། འོན་ཀྱང༌། ཡུལ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་རང་བཞིན་གང་མཆིས་ཀྱི་གནས་སྟངས་ངོ་སྤྲོད་ཙམ་ཐུབ་པའི་ཡིད་ཆེས་ཡོད།

Advertisements
This entry was posted in དཔྱད་རྩོམ།, Uncategorized. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s