ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང༌།

བསེ་རོང་འོད་ཟེར།

ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང་ནི། ད་ལྟའི་འབྲུག་ཆུ་རྫོང་ཁོངས་ཆུ་ནག་ལུང་བ་ཞེས་བོད་གངས་ཅན་གྱི་ཤར་མཐའི་རྒྱ་བོད་ས་མཚམས་ལ་ཁེལ་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།  དགོན་འདི་ཕྱག་འདེབས་པ་པོ་ཆུ་ནག་ལུང་བའི་སྐུ་ཕྲེངདང་པོ་ཡུལ་དབུས་ཀྱི་དགའ་ལྡན་དགོན་པའི་དགེ་བཤེས་ཤིག་ཡིན་ཞིང༌།  ཁོང་མདོ་སྨད་ཐེ་བོ་ཁོག་ཏུ་ཕེབས་ནས་ཆུ་ནག་ལུང་བ་ཞེས་པའི་སར་ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང་འདི་ཕྱག་བཏབ། དེ་ནས་ཆུ་ནག་ལུང་བའི་སྐུ་ཕྲེང་དྲུག་རིམ་པར་བྱོན་པ་རྣམས་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང༌།   ཆུ་ནག་ལུང་བའི་དགོན་པ་འདི་ཉིད་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་གི་སྐུ་དུས་ནས་ཡོད་པའི་དགོན་པ་རྙིང་པ་ཞིག་ཡིན་ལ། སྐྱབས་མཆོག་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་དགོན་པ་འདི་ལ་ཕེབས་པའི་ལོ་རྒྱུས་ཡོད། ཁོག་ཆེན་གྱི་ཆས་རིའི་སྒང་སོགས་བརྒྱུད་ནས་ཡར་མར་ཕེབས་གནང་གི་ཡོད་སྟབས་ཆས་རིའི་སྒང་ན་བསྟན་པའི་རྒྱལ་མཚན་ཚང་ལ་དད་ལྡན་གྱི་སྦྱིན་བདག་མང་པོ་ཡོད་པ་མ་ཟད། བསྟན་པའི་རྒྱལ་མཚན་ཚང་བསེ་རོང་དུ་ཐེངས་མ་གསུམ་ཕེབས་པའིབཤད་རྒྱུན་འདུག། ཆས་རིའི་སྒང་དང་གཙང་པ་ཁོག་གི་ཚེས་བཅུ་བསྟན་པའི་རྒྱལ་མཚན་ཚང་གིས་གསར་ཚུགས་བྱས་པའི་སྲོལ་ཡོད། གཙང་པ་དམག་རུའི་ཡུལ་ལྷ་སྨོན་ལམ་དཀར་པོའི་བསང་ཡིག་ཆས་རིའི་ལ་ཨ་སྒང་ནས་ཐད་ཀར་གསུངས་པར་གྲགས། ཆུ་ནག་ལུང་དགོན་གྱི་གདན་སའི་ཆག་ས་ཡང་ཐེངས་མ་འགའ་ཤས་ལ་བརྗེས་དགོས་བྱུང་བའི་ལོ་རྒྱུས་ཡོད། དུས་སྐབས་ཤིག་ལ་ས་ཆ་འདི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོར་ཆག་སྟབས་ཀིརྟི་ནང་བས་ཨ་ལགས་མཐའ་ཡས་ཚང་ལྷ་ཁང་བསྐྱར་བཞེངས་སོགས་ཀྱི་འགན་ཆ་ཚང་བཀལ་ནས་ཆེད་མངགས་བྱས་པ་མ་ཟད་དངུལ་གྱི་འགྲོ་སོང་ཡང་བཏང་འདུག ཨ་ལགས་མཐའ་ཡས་ཚང་དང༌། ཚ་སྤྲུལ་དགེ་བཤེས་ཚང༌། ཨ་ལགས་གཙང་བླ་གསུམ་ལ་གདན་ས་འདིར་བཞུགས་གནས་ཀྱི་གཟིམ་ཆུང་ཡང་ཡོད་མོད། འོན་ཀྱང་རིག་གནས་གསར་བརྗེས་སྐབས་སུ་རྩ་གཏཽར་བཏང་ནས་ད་ལྟ་མཁར་ཤུལ་ཙམ་ཞིག་མིག་གིས་མཇལ་ཡུལ་དུ་གྱུར་འདུག དུས་འགྱུར་གྱི་མུན་ནག་ཅུང་ཟད་བསངས་ནས་ཆོས་སྒོ་གསར་དུ་ཕྱེ་སྐབས་ཆུ་ནག་ལུང་བའི་སྤྲུལ་སྐུ་ཕྱིར་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཕེབས་ནས་གྲྭ་མང་ཡངས་ལ་མང་ཇ་ཞིག་སྐོལ། སྐབས་དེར་དགེ་འདུན་པ་རྒན་གྲས་ཚོ་ལ་ད་རྗེས་མ་གདན་ས་འདིར་ཕྱིར་ཡོང་ཨེ་ཐུབ་མི་ཤེས་མོད། འོན་ཀྱང་ཆུ་ནག་ལུང་བའི་ཡང་སྤྲུལ་རེད་ཟེར་བ་ཞིག་ཡོང་ངེས་པས་ཁྱེད་ཚོས་བདག་སྐྱོང་ཡག་པོ་གནང་རོགས་ཞེས་རེ་སྐུལ་ཚུལ་དུ་མཛད་དེ། ཕྱིར་ཆུ་ནག་ལུང་དགོན་དུ་ཕེབས་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། གདུང་རྟགས་ཀྱང་ཐུན་མོང་མ་ཡིན་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས་འདུལ་བྱའི་སློབ་བུ་རྣམས་དད་པས་ཡིད་རབ་ཏུ་འཕྲོག་པར་གྱུར་པའི་མཛད་པ་ངོ་མཚར་རྨད་དུ་བྱུང་བ་བསྟན་འདུག   ཆུ་ནག་ལུང་བའི་སྐུ་ཕྲེང་དྲུག་པ་བློ་བཟང་བློ་གསལ་རྒྱ་མཚོ་ཚང་ད་ལྟའི་འབྲུག་ཆུ་རྫོང་ཁོངས་ཆུ་ནག་ལུང་བར་ཡབ་བསམ་བྷོ་དང་ཡུམ་སྐྱིད་སྙིང་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༨༢ ལོར་སྐུ་འཁྲུངས་ཤིང་དགོང་ལོ་བཅུ་གཉིས་སྟེང་ཐུགས་ཐག་བཅད་ནས་ཕྱི་ལོ་ ༡༩༩༤ གདན་སར་བཀོད་དེ་ཁྲི་སྟོན་བྱས། ལོ་དེར་གདན་ས་ཆེན་མོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཕེབས་གནང་མཛད་དེ་ཚོགས་ཆེན་མཁན་པོ་འབྲིང་བ་ཨ་ཁུ་སྦྱིན་པ་ཚང་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང༌། སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཆོས་ཞུགས་མཛད་དེ་མཁན་ཟུར་སྔོ་ཁྱེ་ཁ་ཨ་ཁུ་ཆོས་འཕེལ་ཚང་དགེ་བའི་བཤེས་གཉེན་དུ་བསྟེན་ནས་ཚད་མ་དང་ཕ་ཕྱིན་སོགས་ལ་ཐོས་བསམ་སློབ་གཉེར་གནང་ཞིང༌། ཕྱིལོ་ ༢༠༠༤ ལོར་མདོ་སྨད་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནང་བསྟན་སློབ་གླིང་གི་བླ་སྤྲུལ་འཛིན་གྲྭར་བཞུགས་ནས་ལོ་ངོ་གཉིས་ལྷག་རིང་རིག་གནས་སོགས་ལ་གསན་བསམ་མཛད། ཕྱི་ལོ་ ༢༠༠༨ ལོ་མགོར་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་༧གོང་ས་༧སྐྱབས་མགོན་ཡབ་སྲས་མཇལ་བསྐྱར་གྱིས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཟླ་བ་གཉིས་ལྷག་ཙམ་བཞུགས་གནང་མཛད་ཀྱང་དུས་ཀྱི་རྐྱེན་དབང་གིས་ཕྱིར་རང་ཡུལ་དུ་ཕེབས་དགོས་བྱུང༌།  ད་ལྟ་སྟག་ཚང་ལྷ་མོ་ཀིརྟིའིདགོན་པའི་ཕར་ཕྱིན་འཛིན་གྲྭའི་ནང་གསན་བསམ་མཛད་ཞོར་དུ་རང་ཡུལ་ཆུ་ནག་ལུང་དགོན་གྱི་གདན་སའི་མཛད་འགན་བཞེས་བཞིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ་བཀོད་པ་ལགས་ན་ཕྱིས་སུ་འབྲེལ་ཡོད་ཚོས་ཁ་དགང་གནང་རོགས་ཞུ། ད་ལྟ་ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང་འདིར་དགེ་འདུན་པ་གཞོན་གྲས་བཞི་བཅུ་ལྷག་ཙམ་བཞུགས་པ་མ་གཏོགས་དུས་འགྱུར་གྱི་དབང་གིས་སྤྱི་ཚོགས་རྙིང་བའི་གྲྭ་བ་རྒན་པ་གཅིག་ཀྱང་ལྷག་མི་འདུག  ཆུ་ནག་ལུང་དགོན་དང་ཆུ་བར་དགོན་པ་གཉིས་ལུང་བ་ཕར་ཚུར་བྱས་ནས་ཆག་ཡོད།

Advertisements
This entry was posted in ལོ་རྒྱུས་ལྡན་པའི་སྐུ་པར།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s