ཐེ་སྨད་ཆུ་བར་དགོན་གྱི་ལོ་རྒྱུས།

བསེ་རོང་འོད་ཟེར།

བོད་ཆོལ་གསུམ་གསུམ་གྱི་ཡ་གྱལ་མདོ་སྨད་ཐེ་བོ་ཆུ་བར་དགོན་པའམ་ཤེས་རབ་རི་ཁྲོད་ཅེས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་བའི་དགོན་རྙིང་འདི་དེང་དུས་འབྲུག་ཆུ་རྫོང་ཁོངས་ཆུ་བར་ཞང་ཞེས་པར་མགོ་གཡས་དཔོན་ཆུང་གིས་ཕྱག་བཏབ། སྔོན་ཆད་ཨ་ཁུ་ཤེས་རབ་ཟེར་བའི་རི་ཁྲོད་པ་ཞིག་གིས་ཆོས་སྡེ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་འགན་ཁུར་ཡོངས་སུ་བཞེས་ཏེ་ཡུན་རིང་བཞུགས་པས་ཤེས་རབ་རི་ཁྲོད་ཀྱང་འབོད། དགོན་འདི་ནམ་བཏབ་ཀྱི་ལོ་ཚིགས་ཁ་གསལ་ཞིག་ད་ལྟའི་བར་རྙེད་སོན་མ་བྱུང༌། དེའི་རྗེས་ཆུ་བར་ནང་བ་སྐུ་ཕྲེང་རིམ་བྱོན་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་སྐྱོང་མཛད། ཆུ་བར་ནང་བའི་སྐོར་༼མདོ་སྨད་ཆོས་འབྱུང་༽དུ། གོང་མ་དཔོན་ཆུང་གི་ཚ་བོ་རྡོ་རྗེ་བཀྲ་ཤིས་ཀྱིས་བླ་མ་ཞིག་དང་རྒྱ་དཔོན་ཞིག་གིས་གནས་ཚང་གཡར་བ་རྨིས། རིང་བོར་མ་ལོན་པར་བདག་མོ་ལ་མངལ་ཆགས། ཡབ་གཞན་དུ་སོང་ཤུལ་བུ་ཞིག་མཚེ་བཙས་པར་མོ་ན་ཆུང་ངོ་ཚ་བས་སྲས་རྗེས་མ་ལྷས་ནང་དུ་ས་འོག་ལ་བཅུག ཡབ་ཕྱིར་ཡོང་ནས་ཆོས་སྲིད་གཉིས་ལྡན་གྱི་སྲས་གཉིས་འབྱུང་བ་ཡོད་ཅེས་མོ་གཅུར་བས་རྒྱུ་མཚན་བསྙད། ཡབ་དེས་མྱ་ངན་གྱིས་བཀྲོངས། བུ་གཅིག་པོ་ནར་སོན་ནས་ཁྱིམ་ཐབ་བསུ་བའི་ཐབས་ཅི་བྱས་ཀྱང་དང་དུ་མ་བླངས་པར་བྲོས་ཏེ་དགོན་ཆེན་གྱི་གྲྭར་ཞུགས། རང་ཡུལ་གྱི་ཁང་ཁྱིམ་ས་ཞིང་མི་སེར་བཅས་ཤ་ཉེ་ཞིག་ལ་སྤྲད་དེ་གདུང་རྒྱུད་ཆད། ཁོང་ནས་ཐུགས་གཉེར་མཐར་ཕྱིན་ཏེ་རབ་འབྱམས་པའི་མཚན་བཏགས་བླངས། རང་དགོན་དུ་གཞི་གསུམ་གྱི་ཕྱག་ལེན་བཙུགས། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡུན་རིང་བསྐྱངས་པས་གྲྭ་ཚོགས་འཕེལ། ཆུ་བར་ནང་བ་ཞེས་གྲགས་སྙན་ཡུལ་ཕྱོགས་འདིར་ཁྱབ་པར་མཛད། ཆུ་བར་དགོན་པ་འདི་ཉིད་རི་བོ་དགེ་ལུགས་པའི་ཆོས་སྡེ་ཞིག་ཡིན་ཞིང༌། དགོན་འདིར་ཧོར་ཟླ་དང་པོར་སྨོན་ལམ་དང་གཏོར་རྒྱག་སོགས་དང༌། ཟླ་གསུམ་པར་སྨན་བླ། ཟླ་བཞི་པར་མ་ནི་རིལ་སྒྲུབ་དང་བསྙུང་གནས། ཟླ་བ་དྲུག་པར་མནྡལ་བཞི་པ། ཟླ་དགུ་པར་ཀུན་རིག ཟླ་བ་བཅུ་པར་དགའ་ལྡན་ལྔ་མཆོད་ཆེན་མོ། ཟླ་རེའི་ཚེས་བརྒྱད་ལ་སྨན་བླ་ཚོགས་འདོན་བྱེད་པ་སོགས་ཀྱི་ཕྱག་སྲོལ་བཟང་པོ་ཡོད། རྟེན་གྱི་གཙོ་བོ་སྨན་ལྷ་དང༌། མི་འཁྲུགས་པ། ཇོ་བོའི་སྐུ་མི་ཚད་ལོངས་པ་རེ། སྨན་བླ་བདེར་གཤེགས་བརྒྱད། བཤགས་ལྷ་སོ་ལྔ༌། ཚེ་ལྷ་རྣམ་གསུམ་གྱི་སྐུ་སོགས། གསུང་གི་རྟེན་ལ་སྡེ་དགེ་བཀའ་འགྱུར་སོགས་བཞུགས། ཆོས་སྡེ་འདི་ནས་མདོ་སྔགས་ཀྱི་གཞུང་དང་སྒྲ་སྙན་སྨན་རྩིས་སོགས་ལ་མཁས་པའི་གྲྭ་བཙུན་མང་དུ་བྱོན་ནའང༌། མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པ་ནི་ལེ་བླ་མ་ཞུ་བ་ཁོང་ཡིན་ཞིང༌། ཁོང་གིས་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གི་སྐུ་རིང་ལ་གཙང་ཉིད་དགོན་པའི་ཁྲི་པ་དང༌། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་མཛད་སོགས་མཛད་པ་མ་ཟད་སོག་ཡུལ་དུའང་གདུལ་བྱ་ཤིན་ཏུ་རྒྱས། གཙང་ཉིད་དགོན་པར་ཆོས་འཁོར་དང༌། རི་དྭགས་ཕོ་མོ། རྣམ་བཅུ་དབང་ལྡན། ཇོ་བོའི་སྐུ་སོགས་བཞེངས་འཇོག་བྱས།  དགོན་སྡེ་འདི་ལ་སྔོན་ཆད་དམག་གིས་ཆག་འཇིག་བྱུང་བའི་ལོ་རྒྱུས་ཡོད་མོད། འོན་ཀྱང་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མངོན་སུམ་འཛེམས་མེད་ཀྱིས་བཙན་འཛུལ་དང༌། རིག་གནས་གསར་བརྗེ་སྐབས་སུའང་གཅིག་རྗེས་གཉིས་མཐུད་ཀྱིས་ཆག་འཇིག་ཚབས་ཆེན་ཐེབས་པའི་དབང་གིས་དགོན་པ་འདི་ཉིད་མཁར་ཤུལ་སྟོང་པ་ཙམ་ལས་མེད་པའི་གནས་སྟངས་ཡུན་རིང་ལས་དགོས་བྱུང་ཡང༌། རྗེས་སུ་ཆུ་བར་བླ་མས་འདུ་ཁང་སོགས་གསར་གཞེངས་བྱས་ཀྱང་དགེ་འདུན་གྱི་སྡེ་སླར་གསོ་མ་ཐུབ་པའི་གནས་སྟངས་འོག་དུས་ད་ལྟ་འང་ལྷག་ཡོད་པ་འདི་མཐའ་མཚམས་ཀྱི་དད་ལྡན་མང་ཚོའི་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད། ཆུ་བར་ཨ་ལགས་ཚང་དུས་འགྱུར་སྐབས་རྒྱ་གར་དུ་ཕེབས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་སུ་ཡུན་རིང་ཕྱག་ལས་གནང་བས་རྗེས་སུ་ཁོང་གི་མཚན་ལ་ཤེས་རིག་ཨ་ལགས་ཞེས་འབོད།

Advertisements
This entry was posted in རྣམ་ཐར་དང་ལོ་རྒྱུས།. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s