རྨ་འགྲམ་གྱི་མཐོང་སྣང་།

བསེ་རོང་འོད་ཟེར།

གསེར་གྱི་ས་གཞིའི་དཀྱིལ་འཁོར་ཡངས་པའི་པའི་གཞིར།   །གངས་ལྗོངས་ནོར་འཛིན་སྒེག་མོའི་མཛེས་རྒྱན་དུ།།

ངོ་མཚར་སོར་མོའི་འཕྲུལ་གྱིས་ཉེར་བསྐྲུན་པ།   །རྨ་ཀླུང་ཕྱུག་མོའི་མཚན་གྱི་སྙན་པ་འཕུལ།།

 

གང་གི་ཕུན་ཚོགས་གསར་བའི་རྔ་བོ་ཆེ།   །ལྷ་ལམ་ཁྱོན་ནས་བརྡུངས་པའི་སྒྲ་དབྱངས་འབུམ།།

ཐོས་འཛིན་གསོས་སུ་འཇོ་བའི་ངོ་མཚར་གཏམ།   །ཅུང་ཟད་བརྗོད་ལ་བདག་ཡིད་ཀུན་ནས་བརྟས།།

 

དྲི་མེད་ཟླ་ཤེལ་མདངས་འཛིན་རྨ་ཆེན་གངས།   །ཉིན་བྱེད་དཔལ་དང་བསྡེབས་པའི་རྩེད་དགའ་ལས།།

རབ་འཐོར་མུ་ཏིག་སིལ་མའི་ཆབ་ཀྱི་རྒྱུན།   །འཛིན་མའི་ལྟོ་བར་འཁྱུག་པའི་ལས་ལ་བྲེལ།།

 

འདོད་འཇོ་དཔག་བསམ་གསེར་ལྡན་གཞོན་ནུ་དང་།   །དགེ་ལེགས་གཡང་འཁྱིལ་ཆུ་གཏེར་དགའ་མ་གཉིས།།

རྩེད་དགའི་རླབས་རིས་འཕྱོ་བའི་ཟེགས་མ་ཡིས།   །དུས་རབས་གསར་པའི་དགའ་སྟོན་མགྲོན་དུ་འགུགས།།

 

རབ་ཡངས་མཛེས་པའི་གསེར་ལྡན་ལྟོར།  །གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་སམ།།

ཡང་ན་ཡན་ལག་བརྒྱད་ལྡན་ཆབ།  །རྒྱ་མཚོ་ཀླུང་དུ་འབབས་སམ་ཅི།།

 

ནེའུ་གསིང་གཡུ་ཡི་མཎ་དྲལ་ལ།  །བལ་ལྡན་མུ་ཏིག་ཕྲ་རྒྱན་བཏབ།།

ཀུན་ནས་བཞད་པའི་མེ་ཏོག་གིས།  །རྒྱུ་སྐར་ཚོགས་ལ་སྐྱེངས་པ་སྟེར།།

 

གསར་དུ་འཛུམ་པའི་མེ་ཏོག་ལ།  །འཁོར་ཞིང་ལྡིང་བའི་གསེར་སྦྲང་ཚོས།།

སྙན་འཇེབས་གླུ་དབྱངས་གྱེར་བཞིན་དུ།  །ཟིལ་དངར་སྦྲང་རྩི་འཐུང་ལ་བྲེལ།།

 

སྤངས་ལྗོངས་གཡུ་ཡི་གཞོང་བ་ལ།   །འཕོས་པའི་ནོར་གནག་དར་བབ་མ།།

ཁྱོན་ཡངས་ནོར་འཛིན་སྒེག་མོའི་ལྟོར།   །མིག་སྨན་ཆར་སྤྲིན་འཁྲིགས་པ་བཞིན།།

 

ཉྭ་བཞི་ཕྱུགས་རིགས་ཚོགས་ཀྱི་ཁྱུ།   །ངོམས་མེད་གཟན་ལ་རོལ་བའི་ཚུལ།།

སྙེ་མའི་ཁུར་གྱིས་རབ་དུད་པའི།   །ལོ་ལེགས་རླུང་གིས་སྐྱོད་པ་བཞིན།།

 

གཤིས་འཇམ་གཡང་དཀར་ལུག་གི་ཁྱུ།   །ངེས་མེད་གང་སར་ཁྱབ་པ་འདི།།

རབ་དཀར་སྤྲིན་གྱི་ཕྲེང་བ་ནི།   །དབྱིག་འཛིན་ཕང་བར་ཟགས་པ་བཞིན།།

 

བག་ཕེབས་བྱ་རིགས་རི་དྭགས་རྣམས།  །རྩི་ཤིང་འདབ་མ་རྒྱས་པའི་གསེང་།།

འཕུར་ལྡིང་རོལ་བའི་བུ་བ་ལྟར།  །རྩེད་དགའི་དཔལ་གྱི་ཀུན་ནས་མྱོས།།

 

ཞོགས་པའི་སྦྲ་གུར་སྡོམ་ནག་ལས།  །འཕྱུར་བའི་དུད་སྤྲིན་ན་བུན་འདི།།

ལན་བརྒྱར་ཕྱིས་པའི་གཡུ་གཞོང་ལྟོར།  །ཉེར་ཆགས་ཞོ་གསར་སྤྲིས་མ་བཞིན།།

 

ནེའུ་གསིང་གཡུ་ཡི་མེ་ལོང་ངོས།   །བགྲང་ཡས་རྒྱུ་སྐར་འཕོས་པ་བཞིན།།

བཀྲ་བའི་མུ་ཏིག་སྦྲ་གུར་ཚོམ།   །ངེས་མེད་བཞད་པའི་རྨ་འགྲམ་སྐྱིད།།

 

བསམ་བཞིན་སྲིད་ཞིའི་མཛེས་སྡུག་ཀུན།   །གཅིག་ཏུ་བསྡུས་པའི་རྩྭ་ཐང་འདི།།

དབྱིག་འཛིན་སྒེག་མོའི་འགྲམ་ཡངས་ངོས།   །རིན་ཆེན་བྱུར་བུར་གཏམས་པ་བཞིན།།

 

ཆར་དུས་རྨ་འགྲམ་མཛེས་པ་ཁོ་ན་ཡིག   །ལེགས་བྲིས་ཚལ་གྱི་དཔེ་ཟླར་འོས་མིན་ཏེ།།

ཉིང་བཅུད་མངལ་དུ་སྦྲུམ་པའི་རྩིཐོག་གིས།   །ཕྱུགས་རིགས་ཤྭ་ཤེད་རྒྱས་པ་འདིས་ཀྱང་ངོ་།།

 

གཡུ་ཡི་ཞུན་མ་ལན་བརྒྱར་བྱུགས་པ་ལྟར།   །ཀུན་གྱི་མཛེས་པ་འགོགས་པའི་སྤངས་ལྗོངས་ཀྱིས།།

ཆོས་བཟང་དགའ་ཚལ་ཞེས་སུ་གྲགས་པ་དེའི།  །མཚར་སྡུག་འཕྲོག་པས་ལྷ་རྣམས་གདུང་བས་མནར།།

 

 

 

 

 

 

 

Advertisements
This entry was posted in སྙན་རྩོམ. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s