བརྩེ་འཕྲིན་ཟླ་ཞུན་ཟེགས་མ།

བསེ་རོང་འོད་ཟེར།

གཡའ་དག་ནམ་མཁའི་དབྱིངས་སུ།  །རྒྱུ་བའི་ཆུ་ཁུར་བུ་མོ།།

སྟངས་སྟབས་གངས་རིའི་ལྗོངས་སུ།  །བསྒྱུར་ན་བྱམས་བརྩེ་གཉེན་ཉེར།།

 

བརྩེ་འཕྲིན་ཟླ་ཞུན་ཟེགས་མ།  །བསིལ་རླུང་འཇམ་པོར་འགྲོགས་ཏེ།།

དྭངས་གཙང་མཆི་འགྲོས་འདབ་ལས།  སྙན་དབང་པད་ཚལ་འཕོས་རོགས།།

 

རྒྱུས་མེད་འཕགས་པའི་ཚལ་ནས།  །གྲོགས་མེད་ཁེར་རྐྱང་འཁྱམས་པོས།།

མ་བཅོས་གངས་དཀར་རྒྱུན་ལས།  །དྲན་པའི་སེམས་འཕྲིན་བཞུར་འགྲོ།།

 

འགྱུར་འགྲོས་ལོ་ཟླའི་སྐར་ཆས།  །བྲལ་ཁའི་གདུང་བ་ཟད་ཀྱང་།།

དྲན་པའི་མིག་ཆུའི་ནང་ནས།  བྲལ་གདུང་གཟུགས་བརྙན་ཤར་སོང་།།

 

འཕྲེང་སེམས་དུས་ཡུན་རིང་མོས།  །ཡིད་སེམས་གཏིང་འོག་བརྗེས་ནས།།

མ་བཅོས་ཆོས་ཉིད་ཞིང་སར།  བརྩེ་སེམས་མེ་ཏོག་བཞད་ཡོད།།

 

ལོ་ཟླའི་སྐར་ཆའི་འགྲོས་དང་།  །བཞུར་བའི་མིག་ཆུའི་ཕྲེང་བ།།

ཁ་ཆར་བསིལ་མའི་གཤིས་ལས།  །ཁྱེད་དགའ་སྐྱིད་དཔལ་བསུ་ཆོག།

 

མི་ཚེ་དགོས་དམིགས་ཡང་སྙིང་།  །རང་གཞན་བདེ་སྐྱིད་ཕྱིར་དུ།།

ངལ་བ་བརྒྱ་ཕྲག་བརྟེན་ནས།  །ཤེས་རིག་འོད་གསལ་སྙེགས་འགྲོ།།

 

སྐྱོ་སྣང་འཚོ་བའི་ལམ་ནས།  །རེ་དགའ་མུ་ཏོ་བ་ཡི།།

སེམས་ཉིད་གཉིས་མེད་སེངྒེས།  གནའ་དེང་ཤེས་རིག་སྙེགས་འགྲོ།

 

སྣ་མང་སྤྱི་ཚོགས་གནས་ལ།  །བསམ་གཞིག་རྣལ་མ་བྱས་ཏེ།།

ངེས་ཤེས་སེམས་ཀྱི་དེ་ཉད།  །རང་བློས་གང་ལྕོགས་སྙེགས་འགྲོ།།

 

ཐག་རིང་རྒྱལ་ཁམས་འགྲིམས་ནས།  རེ་འབྲས་གང་འཚམས་ཐོབ་དུས།།

འཁྱམས་པོའི་འཚོ་བ་བསྐྱུར་ནས།  གཉེན་ཉེ་བརྩེ་སེམས་བསྙེག་ཡོང་།།

 

ལས་སྨོན་མཐུ་ལས་འཛུམ་པའི།  །བྱམས་བརྩེ་གཉེན་ཉེ་ཚོ་ལ།།

དུག་གསུམ་རྣམ་པར་རྒྱལ་བས།  །ཉེས་གསུམ་དྲི་མས་མ་གོས།།

 

བཀྲ་ཤིས་དུས་བཟང་ཞིག་ལ།  །གཞིས་བྱེས་ལྷན་འཛོམས་སྐལ་བཟང་།།

སླུ་མེད་རྩ་གསུམ་ཞིང་ལ།  རེ་བའི་མེལ་ཚེས་བྱས་འགྲོ།།

 

ཆུ་འཛིན་སྒེག་མོར་བསྐུར་བའི།  །སྙིང་གཏམ་སྤྲིན་གྱི་སྒྲ་དབྱངས།།

ཐོས་འཛིན་སྙན་དབང་འཕོས་ནས།  །དགའ་སྤྲོ་སྣང་བས་ཤིས་ཤིག།

 

 

 

 

 

 

 

 

This entry was posted in སྙན་རྩོམ. Bookmark the permalink.

མཆན་འདེབས།