དཔྱད་རྩོམ་རིག་པའི་རྩལ་ཕྲེང་གི་གླེང་བརྗོད།

བསེ་རོང་འོད་ཟེར།

རབ་མཛེས་ཁ་བ་དཀར་པོའི་མུ་ཁྱུད་ཀྱིས་བསྐོར་བའི་ལྗོངས་འདིར། ཡུན་རིང་འཚོ་སྡོད་བྱས་པའི་བོད་མི་རིགས་འདི་ཉིད་འགྲོ་བ་མིའི་རིགས་ཆགས་རིམ་གྱི་འགྲོས་དང་བསྟུན་ནས་གཟི་བརྗིད་འོད་སྟོང་འཕྲོ་བའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་ལ། ལྷག་དཽན་མི་རིགས་སོ་སོའི་སྐད་ཡིག་ནི་མི་རིགས་དེ་གསོན་པོར་གནས་པའི་བླ་སྲོག་ཉག་གཅིག་དེ་ཡིན་པ་གནང་བཞིན་ཕུན་སུམ་ཚོགས་པའི་སྐད་ཡིག་དེའང་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་ཕྱུག་པས་རླབས་ཆེན་གྱི་སྐད་ཡིག་ཅིག་ཡིན། བར་ལམ་ཞིག་ནས་མངོན་སུམ་འཛེམས་མེད་ཀྱིས་ཞི་བདེ་ལ་དགའ་ཞིང་ཆོས་ལྡན་གྱིས་འཚོ་བའི་བོད་རྒྱབ་ཁབ་ཆེན་པོའི་མངའ་རིས་ཡོངས་སུ་རྫོགས་པ། ཡུན་རིང་དམག་འཁྲུག་དང་གཉེན་འབྲེལ་སོགས་ཀྱི་འབྲེལ་བ་བཟང་ངན་ཇི་སྙེད་བྱུང་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དམར་པོ་སྲིད་གཞུང་གིས་བཙན་འཛུལ་གྱིས་དབང་བསྒྱུར་བྱས་པ་ནས་བཟུང༌། བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དངོས་ཤུགས་བརྒྱུད་གསུམ་ནས་ལག་བསྟར་བྱས་པའི་ཉེར་ལེན་གྱིས། བོད་མི་རིགས་དང་རིག་གཞུང་གཉིས་ཀ་གོ་ལ་ཧྲིལ་བོ་འདིའི་སྒང་གནས་ཐུབ་མིན་ཆགས་འཇིག་ཉེན་ཁའི་མཚམས་སུ་ལྷུང་བའི་དུས་འདིར། བདག་ཅག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མཚུངས་ཟླ་མ་མཆིས་པའི་འདྲེན་མཆོག་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེའི་རླབས་ཆེ་ཐུགས་བསྐྱེད་དང༌། བྱམས་བརྩེའི་གཟིགས་རྒྱ་ཡངས་པོས་གནའ་རབས་བོད་ཀྱི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་སྤྱི་དང༌། ལྷག་དོན་གནའ་བོའི་མཁས་ཆེན་གོང་མ་རིམ་བྱོན་གྱིས་རིག་གཞུང་ལ་དཔྱད་བརྗོད་ཀྱི་སྒོ་ནས་དག་ཐེར་མཛད་པའི་མཁས་པའི་ཕྱག་སྲོལ་རྒྱུན་འཛིན་པ་གང་མང་ཞིག་བསྐྱེད་བསྲིངས་ལམ་ནས་བོད་མི་རིགས་སྤྱི་དང༌། ལྷག་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་པའི་ཐུགས་དགོངས་དཀྱེལ་ཡངས་ཀྱིས་རིག་གནས་ཁང་འདི་གསར་འཛུགས་མཛད། བོད་མི་རིགས་རྩ་བརླག་ཤུལ་མེད་དུ་མི་འགྲོ་བར་གནས་ཐུབ་པའི་རྒྱུ་རྐྱེན་སྐད་ཡིག་དང༌། གོམས་གཤིས། རིག་གཞུང་སོགས་ལས་གྲུབ་ཡོད་པ་གསལ་བོར་མཁྱེན་དགོས་པ་མ་ཟད། སྐད་ཡིག་འདི་ལ་བརྟེན་པའི་རིག་གནས་དང༌། གོམས་གཤིས་བཟང་པོ་རྣམས་རྒྱུན་འཛིན་དར་སྤེལ་ལ་ཐུགས་བརྩོན་ཆེན་པོ་གནང་བ་འདིས། འཛམ་གླིང་སྤྱི་ལ་སྨན་པའི་ཀུན་ཁྱབ་ཕན་ནུས་ལྡན་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པ་དངོས་མཐོང་ལག་ཟིན་ཏུ་གྱུར་པའི་གལ་གནད་འདི་ང་ཚོས་ངོས་འཛིན་གསལ་ཐོབ་དགོས་པ་དང༌། ལྷག་པར་རང་ཉིད་གཙོ་བོར་གྱུར་པའི་བོད་མི་རིགས་འདི་རྩ་སྟོང་འགྲོ་ལ་ཉེ་བའི་གནད་དོན་གཙོ་བོ་མི་རིགས་སོ་སོའི་སྲོག་རྩ་ལྟ་བུའི་སྐད་ཡིག་ལ་ཐུག་ཡོད་པའི་གལ་གནད་འདིར་ངེས་ཤེས་གཏིང་ཟབ་ཅིག་རྙེད་དགོས་པ་དུས་རབས་ཀྱིས་ང་ཚོར་བསྐུར་བའི་འགན་འཁྲི་གཡོལ་ན་མི་རུང་བ་ཉག་གཅིག་དེ་ཡིན་པ་ངེས་ཤེས་རྙེད་གལ་ཆེ་སྙམ།

དཔྱད་བརྗོད་རྩོམ་ཡིག་ནི། རིག་གཞུང་ལ་གོ་བབས་སྐྱེད་པའི་སྤུས་ཚད་མཐོར་འདེགས་དང་བསྲེས་ལྷད་ནོར་འཁྲུལ་བསལ་བའི་ནོར་མཆོག་ཀེ་ཏ་ཀ་ལྟ་བུའི་རང་གཤིས་ལྡན་པ་ཞིག་ཡིན་ནའང༌། འདི་གའི་དགེ་རྒན་རྣམ་པ་ཚོས་བྲིས་པའི་དཔྱད་རྩོམ་ཁག་མ་གཏོགས་སློབ་གཉེར་པ་ཚོས་བྲིས་པའི་དཔྱད་རྩོམ་འདི་དག་ནི། སྐབས་བབས་སློབ་ཚན་གང་མཆིས་སློབ་ཞོར་དུ་དཔྱད་བརྗོད་རྩོམ་ཡིག་སྣ་ཚོགས་སྤེལ་བ་ཞིག་ལས་དཔྱད་རྩོམ་འབྲི་སྟངས་སྐོར་རྒྱུས་མངའ་བྱང་ཆུབ་པ་ཤ་སྟག་མིན་པ་དང༌། རྩོམ་སྒྲིག་པར་ཤེས་ཡོན་གྱི་ཆུ་ཚད་དམའ་ཞིང་ཉམས་མྱོང་གིས་ཕངས་པ་སོགས་ཀྱིས་ཕྱོགས་ཐམས་ཅད་ནས་ཞན་ཆ་མི་ཉུང་བ་ཞིག་ཡོད་སྲིད་ནའང༌། གཙོ་བོ་སྡེ་འདིའི་སློབ་གཉེར་པ་རྣམས་ཀྱིས་བོད་རང་གི་རིག་གཞུང་ལ་དཔྱད་བརྗོད་རྩོམ་ཡིག་སྣ་ཚོགས་འབྲི་སྤེལ་རང་རྐང་ཐུབ་པའི་རིག་རྩལ་ཡར་རྒྱས་དང༌། རིག་གཞུང་གི་གནད་དོན་འདྲ་མིན་ལ་དོགས་གཅོད་གནད་ཁེལ་གནང་སྟངས་གཏིང་ཟབ་ཏུ་འགྲོ་བའི་ཐབས་ལམ་ཉག་གཅིག་ལ་གཙོ་བོར་དམིགས་ཏེ་སྡེ་འདིའི་རྩོམ་སྒྲིག་སྡེ་ཚན་ནས་ནང་དོན་རིག་པ་དང༌། བརྡ་སྤྲོད། རྩོམ་རིག རྒྱལ་རབས། གསོ་བ་རིག་པ་སོགས་ལ་དཔྱད་བརྗོད་གཙོ་བོར་བྱས་པའི་དུས་དེབ་དཔྱད་རྩོམ་རིག་པའི་རྩལ་ཕྲེང་ཞེས་པ་ཞིག་འདོན་སྤེལ་ཞུས་པ་ཞིག་ཡིན་ན་ལེགས་སྤེལ་ཉེས་འགོག་ཐད་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མཁའ་ལྟར་ཡངས་པའི་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་སྐྱོང་ཡོང་བ་ཞུ།

འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་༼དཔྱད་རྩོམ་རིག་པའི་རྩལ་ཕྲེང་༽རྩོམ་སྒྲིག་པས། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༨ ལ།

Advertisements
This entry was posted in Uncategorized. Bookmark the permalink.

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s