བྱས་རྗེས་ཅན་གྱི་མི་སྣ།

བསེ་རོང་འོད་ཟེར།

༄༅།། མཚན་སྙན་དབྱར་སྐྱེས་རྔ་བསང་འབུམ་དུ་དཀྲོལ་བའི་དོན་གྱི་བསྟན་འཛིན་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗཻའི་ལམ་རིམ་པ་མཆོག་བོད་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྟེ། ཕྱི་ལོ་ ༡༩༢༢ ལོར་ད་ལྟའི་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གི་མངའ་ཁོངས་རོང་ཡུལ་ནགས་སྟེང་བྱ་བར། ལྷག་བསམ་དཀར་ཞིང་ཆོས་ལ་དད་པའི་བོད་རིགས་ཞིང་ཁྱིམ་དབུལ་པོ་ཞིག་ཏུ་ཡབ་ཀརྨ་ཚེ་རིང་དང་ཡུམ་ནམ་མཁའ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཡབ་ཡུམ་གཉིས་ཀའང་གཞུང་དྲང་ལ་ཆོས་སེམས་ཆེ་བའི་ཡ་རབས་སྤྱོད་བཟང་ལ་ངང་གིས་བཞུགས། ལྷག་པར་ཁོང་གི་མ་ཡུམ་དེ་ནི་དགུང་གྲངས་བཅུ་གསུམ་བཞེས་པ་ནས་མཐར་སྐུ་ཚེ་མ་རྫོགས་པར་ནུབ་རེ་བཞིན་ཕྱག་བརྒྱ་རེ་ཆག་མེད་འཚལ་བས་མཚོན། དགེ་སྦྱོར་གྱི་ལས་ལ་ངང་གིས་བརྩོན་པར་ཞུགས་པས་བུད་མེད་ཁྱད་པར་པ་ཞིག་ཡིན་འདུག ཁོང་གི་འཁྲུངས་གཞིས་ཞིང་ཁྱིམ་དབུལ་ཕོངས་ཤིག་ཡིན་ཡང་ཡུལ་མི་ཀུན་གྱིས་རང་བཞིན་དགའ་མོས་བྱེད་ས་ཞིག་ཡིན། ཁོང་སྐུ་བལྟམས་པའི་སྐབས་སུ་རྟགས་མཚན་བཟང་པོ་སོགས་གང་ཡང་བྱུང་བའི་བཤད་སྲོལ་མེད་ཀྱང་བྱིས་པའི་དུས་སུ་མངོན་ཤེས་ཀྱི་རྟགས་འགའ་ཤས་བསྟན་མྱོང་ཡོད་པ་ཁོང་གིས་ཐོས་ཀྱང་ཡིད་བརྟན་བྱ་ག་ལ་རུང་ཞེས་གསུངས། དགུང་ལོ་བདུན་པའི་ཐོག་ཁོང་གི་གཉེན་ཚན་ཨ་ཁུ་ཀརྨ་བཀྲ་ཤིས་ཞེས་པ་སྐུ་ཡོན་ཅན་ཞིག་ཡོད་པ་དེའི་དྲུང་ནས་ཀློགབསླབས། དང་པོ་ཀ་ཁ་དང༌། དེ་ནས་འཇམ་དཔལ་མཚན་བརྗོད་ཀྱི་དབུ་ནས་མཇུག་པར་དུ་སྦྱོར་ཀློག་བསླབས་པ་ཕལ་ཆེར་ངག་ནས་སྐྱོར་ཐུབ་པའི་ཚུལ་ལ་རྒན་ལགས་ཐུགས་དགྱེས་ཉམས་ཆེན་པོ་མཛད། དགུང་ལོ་བཅུ་པའི་ཐོག་རྒྱལ་ཐང་དགོན་ཆེན་སུམ་རྩེན་གླིང་དུ་སྤང་ལུང་གོང་མའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་ཕུན་ཚོགས་གསོལ་གནང་མཛད། དགུང་ལོ་བཅུ་གཉིས་ཙམ་ལ་ཕེབས་པ་ནས་བཟུང་སྐབས་སྐབས་སུ་ཁོང་གི་ཐུགས་ལ་ད་ལྟ་རང་མི་སྐད་ཁྱི་སྐད་མི་གྲགས་པའི་ལུང་སྟོངས་ཤིག་ཏུ་ཕྱིན་ནས་བྲག་ཕུག་ཆུང་ངུ་ཁ་ཤར་བལྟས་ཤིག་གི་ནང་ལུས་ཀྲོང་ངེར་བཞུགས་ནས་སྒོམ་བྱེད་རྒྱུ་བྱུང་ན་དགའ་བ་ལ་ཨང་སྙམ་པའི་ཐུགས་འདུན་ཤུགས་དྲག་མནནཔས་མི་ནོན་པ་ཡང་ཡང་སྐྱེས་པ་དང༌།  དེ་བཞིན་དུ་བོད་ཆོས་ལྡན་ཞིང་གི་གཏམ་རྒྱུད་དང༌། སྐྱེས་བུ་དམ་པའི་རྣམ་ཐར་སོགས་ཆོས་དང་འབྲེལ་བའི་གླེང་མོལ་ཐོས་པ་ན། སྣང་པ་ཐམས་ཅད་ཡོངས་སུ་གྱུར་ཏེ་དགའ་དད་ཆེན་པོ་བསམ་ཡུལ་ལས་འདས་པ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་ཞིག་ཡོད་དེ་སྔོན་གྱི་བག་ཆགས་བཟང་བ་ཞིག་ཡིན་ནམ་སྙམ་ཞེས་ཁོང་གི་རང་རྣམ་དུ་གསལ། རྗེས་སུ་ཁོང་ཡུལ་དབུས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་ཕེབས་ནས་གསན་བསམ་མཛད་དེ། དགུང་ལོ་ཉེར་གསུམ་ལ་ཕེབས་དུས་རིགས་ལམ་ཆེ་འབྲིང་ཆུང་གསུམ་དང༌། བློ་རྟགས་རྩོད། དེའི་ལོ་རྗེས་མར་ཕར་ཕྱིན་གྱི་འཛིན་གྲྭར་བསླེབས་པས་གཞུང་གསར་ནས་ལྟ་འགོ་བཙུགས། སྔ་ཕྱི་དུ་མངོན་རྟོགས་རྒྱན་དང༌། འགྲེལ་པ་དོན་གསལ། ཕར་ཕྱིན་སྤྱོད་དོན་སོགས་གཞུང་མང་བློར་འཛིན་ཐོག་ཉི་སྣང་དང༌། བརྒྱད་སྟོང་འགྲེལ་ཆེན། ལེགས་བཤད་གསེར་ཕྲེང༌། རྣམ་བཤད་སྙིང་རྒྱན་སོགས་འཕགས་བོད་ཀྱི་ཡིག་ཆ་མང་པོ་ལོ་དྲུག་གི་རིང་ལ་ཞིབ་གཟིགས་མཛད་དེ་ཚངས་སྤྱོད་ཀྱི་ཆོས་གྲོགས་རྣམས་དང་ལྷན་ཅིག་ཏུ་རྩོད་པས་བརྡར་ཤ་བཅད་པ་སོགས་ཀྱིས་གཞུང་གསར་དང་དྲང་ངེས་སྐབས་ནས་མཚན་སྙན་གྱི་གྲགས་པ་ཡུལ་དབུས་སུ་ཁྱབ། ཁོང་གིས་འདུལ་བ་ལག་ལེན་གྱི་སྟེང་ནས་བསླབ་དགོས་པར་དགོངས་ནས་ཡོ་བྱད་བྱིན་རླབས་དང་རུང་ཆུ་འདེབས་པ་ཡན་ཆད་ལག་ལེན་ལ་བཏབ་ཅིང་འདུལ་ཁྲིམས་གཙང་སིང་ངེ་བ་བསྲུངས། འཚོ་ཆས་ཤིན་ཏུ་དཀོན་པས་སྲན་རྡོག་འགའ་ཆུར་སྦང་ནས་བཞེས་དགོས་པའང་ལན་མང་དུ་བྱུང༌། ཕྱི་ལོ་ ༡༩༥༩ ལོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་བོད་ཆོས་ལྡན་གྱི་ཞིང་ཁམས་རྒྱ་ནག་དམར་པོའི་གཞུང་གིས་བཙན་བཟུང་བྱས་སྐབས་ཁོང་ཀློང་བརྡོལ་རི་ཁྲོད་དུ་བཞུགས་ཤིང༌། རྒྱུ་མཚན་ཅི་ཡང་མེད་པར་བུ་སློབ་བདུན་བཅས་བཙན་བཟུང་བྱས་ཏེ་བཙོན་དུ་བཅུག བཙོན་དུ་བཞུགས་རིང་ལྟོག་མནར་བྱུང་ཡང་དགུང་བཅད་བྱས་ནས་ཕྱི་དྲོའི་ཁ་ཟས་མི་བཞེས་པ་དང༌། གྲང་ངར་དང་ས་ལས་རྡོ་ལས་སོགས་ཀྱི་སྐབས་སུ་སྟབས་བདེ་མིན་ལ་མ་ལྟོས་པར་སྐྱ་ཆས་ཕུ་ཐུང་གཏན་མི་མནབ་པ་དང༌།  བཙོན་མ་རྣམས་ལ་ཟས་སྐལ་རྩམ་པ་ཁེམ་བུ་ཆུང་ཆུང་གང་ལས་སྟེར་རྒྱུ་མེད་པས་སྐུའི་གཟུགས་གཞི་ཤིན་ཏུ་ཞན་ཅིང་གཟུགས་པོ་ཡང་མི་ཐེག་པའི་ཚད་ལ་སླེབས་ཀྱང༌། རང་གི་ཟས་སྐལ་ལས་ཅུང་ཟད་རེ་བླངས་ནས་བསགས་ཏེ་བཙོན་གྲོགས་གཞན་ལ་སྟེར་བ་སོགས་སྐྱེད་ཆེན་དམ་པའི་རྣམ་ཐར་བསམ་ལས་འདས་པ་ཤ་སྟག་ལྷུར་བཞེས་མཛད། བཙོན་གྲོལ་ཐོབ་ནས་རིག་གནས་གསར་བརྗེ་མ་བྱུང་བར་གྱི་ལོ་བཞི་ཙམ་ལ་འབྲས་སྤུངས་དགོན་པར་མཚམས་བཅད་བྱས་ནས་བཀའ་འགྱུར་ཆ་ཚང་གཟིགས་ཞིབ་མཛད་ཅིང་ཟིན་བྲིས་ཡང་བཏབ། རིག་གནས་གསར་བརྗེའི་རྗེས་སུ་རིམ་གྱིས་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་ཅུང་ཟད་ལྷོད་ཡངས་སུ་སོང་མཚམས། ཁོང་གི་ཉམས་སྣང་ཅི་རིགས་སུ་ལྷ་བླ་མ་ཆོས་སྐྱོང་སོགས་ཀྱི་བཀའ་ལུང་དང༌། སེར་སྐྱ་མི་མང་གིས་ནན་ཞུས་བྱས་པར་བརྟེན་ནས་ཕྱི་ལོ་ ༡༩༨༤ ལོ་ནས་ད་ལྟའི་བར་མི་ཁྲི་ཕྲག་བརྐལ་བར་དགེ་ཚུལ་སློང་དང༌། དགེ་བསྙེན་གྱི་སྡོམ་པ་འབོགས་ཤིང་སོ་ཐར་གྱི་སྡོམ་རྒྱུན་རྒྱ་ཆེར་སྤེལ། ལོ་རེ་བཞིན་སྟོན་དཔྱིད་གཉིས་ལ་གསུང་ཆོས་ཆེན་མོ་བཙུགས་ནས་སྤྱོད་འཇུག་ཆེན་མོ། བླ་མཆོད། བློ་སྦྱོང་དོན་འདུན་མ་སོགས་ཀྱི་ཁྲིད་དང༌། ལམ་རིམ་ཆེན་མོའི་ཉམས་ཁྲིད་རྒྱས་པ་སོགས་གསུང་ཆོས་ཀྱི་བདུད་རྩིའི་ཆར་ཆེན་ཕབ་ནས་སྐལ་ལྡན་གྱི་གདུལ་བྱ་འབུམ་ཕྲག་མང་བོའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་དང༌། གཞན་ཡང་གཞུང་བཀའ་བོད་ཀྱི་དཔེ་ཁྲིད་མཛད་པ་དང༌། གསུང་རབ་ཀྱི་དཔར་བརྐོར་བཅིག་པ་དང༌། རྟེན་གསུམ་བཞེངས་པ་དང༌། ཕྱག་རྩོམ་གནང་བ་སོགས་སྨག་ལ་སྒྲོན་མེ་སྦར་བ་བཞིན་རྒྱལ་བསྟན་རིན་ཆེན་རྒྱུན་མི་ཉམས་པར་འཛིན་པ་དང༌། ཉམས་པ་སོར་ཆུད་གནས་པ་གོང་འཕེལ་གྱི་ཕྱོགས་ལ་ཕན་པའི་མཛད་སྤྱོད་ཤིན་ཏུ་རླབས་ཆེན་མང་དུ་མཛད་པའི་རྣམ་ཐར་མདོར་བསྡུས་ཙམ་མོ།།

Advertisements
This entry was posted in རྣམ་ཐར་དང་ལོ་རྒྱུས།. Bookmark the permalink.

One Response to བྱས་རྗེས་ཅན་གྱི་མི་སྣ།

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s